རྟགས་མང་སྨྲ་བའི་རིང་ལུགས་ཡོད་ལ།།
ཡ་མང་རིག་པའི་འཕྲུལ་འཁོར་མ་མཐོང་།།
གསལ་མང་བཀོད་པའི་ལུགས་སྲོལ་དོད་ན།།
ཤེར་མང་རྒོལ་བའི་རྒྱུ་མཚན་མ་དམིགས།།
རིགས་ལམ་གསེང་ནས་ཚ་འཁོར་གྲངས་མང་།།
སྐུལ་ཚིག་གཅིག་གིས་མཚམས་སྦྱོར་མི་ལྕོགས།།
རིགས་ལམ་དྭངས་མའི་རྣམ་དཔྱོད་ལྡན་ན།།
ལང་ཚོའི་བཞིན་རས་དམར་དགོས་མི་འདུག།
རྒྱུ་མཚན་བདེན་པ་ཐོག་འདྲ་ཡོད་ན།།
རྟགས་གསལ་གཞོག་འགྱུར་གཏོང་ཚོད་མ་རེད།།
ཕན་ཚུན་མཐུན་པའི་གུས་ཞབས་ཡོད་ལ།།
ཚ་དང་འཁོར་གསུམ་ཕྲི་ན་མི་བསམ།།
དོན་མཐུན་ལན་གྱིས་ལྡོག་པ་མ་གཏོགས།།
ཚིག་ལྷགས་ཤིག་གིས་ལྷན་པོ་མི་རུང་།།
ཤེས་རིག་གང་ལ་གྱང་གུད་མེད་པས།།
ཚ་འཁོར་རེ་ལ་ངོ་གནོངས་མི་དགོས།།
རྟགས་དང་ཐལ་ངག་ཡང་དག་མ་གཏོགས།།
ཚིག་འཁྱལ་ཞིག་གིས་སྒྲོ་འདོགས་མི་ཆོད།།
གཞུང་དོན་ཡིད་ལ་འཁོར་རྒྱུ་མེད་པ།།
ཨུ་ཚུགས་ཁོ་ནས་དམ་བཅའ་མི་ཡོང་།།
ལས་འབྲས་ཡིད་རྟོན་ཕེར་བ་མེད་ན།།
ངོ་འཛུམ་འཇོན་ཡང་རང་རྒྱུད་མི་ཐུལ།།
ཚད་ཐུབ་རིགས་པའི་འགྲོ་ལམ་མེད་ན།།
ལུང་གཡར་མཁས་ཀྱང་གཞུང་དོན་མི་ཁྲོལ།།
རྟགས་གསལ་སྲོག་རྩ་མཉམ་དུ་མི་ཆད།།
ཁས་བླང་ཤོར་ན་རང་ཉིད་ལུས་འདུག།
།རིགས་པའི་དཔའ་བོ་རིགས་ལམ་ཐང་དུ།།
རིགས་པའི་གོམ་ཁ་སྔར་ལས་ཡོང་ཤོག།
འཆད་རྭའི་མུར་ཁ་ཤག་གི་ཚུལ་དུ། ༢༠༡༡་༩་༡༣ ་ཉིན་བྲིས།