དྲང་བདེན་གྱི་རྩོད་གྲྭ།
བདེ་མོའི་གོམ་ཁ་རྩོད་ཐང་དུ་ཡང་ཆིལ་ཆིལ།།
མྱུར་བའི་རིགས་ལམ་མདུན་ཕྱོགས་སུ་འཕྲོ་ཚག་ཚག།
སྙན་པའི་ཐལ་ངག་རྣ་ལམ་དུ་ཅ་ལྷང་ལྷང་།།
ལྗི་བའི་དམ་བཅའ་བྲང་མཚམས་སུ་ཚ་ངམ་ངམ།།
ཁས་བླངས་སྐྱོན་ཅན་ཡིད་ལམ་དུ་འདར་ལྷབ་ལྷབ།།
སྒྲུབ་ངག་ལྟར་སྣང་རྣ་ལམ་དུ་གྲང་ཤེར་ཤེར།།
རིགས་ལམ་རྫུན་མ་མིག་ལམ་དུ་མཐོ་ཡེར་ཡེར།།
སེམས་ཀྱི་རྨ་ཁ་དེ་བས་ཀྱང་ཚ་ཟིང་ཟིང་།།
འགྱུར་མེད་དཔང་པོ་དབུ་གྲལ་དུ་བརྗིད་ཆག་ཆགས།།
སླད་མེད་གཤིས་ཀ་རིས་མེད་དུ་བཞུར་ཆོག་ཆོག།
དྲང་བདེན་རྒྱལ་ཁ་འཁྲུལ་མེད་དུ་བསྩལ་ལ་ལ།།
ཡངས་པའི་ལམ་སྟོན་དད་ལམ་དུ་འགྲོ་ཤར་ཤར།།
རེ་བའི་མིག་ཆུ་ཕོངས་མེད་དུ་འདོན་ཆོག་ཆོག།
སྡུག་གི་མཆི་མ་དབང་མེད་དུ་བསྐམ་ཤག་ཤག།
བསླུ་མེད་དོན་གྱི་བདེན་པ་རུ་འཛིན་ལ་ལ།།
འཆད་རྭ་ཁྲ་མོ་ལྷ་ཡུལ་བས་སྐྱིད་ལྷང་ལྷང་།།
བརྩེ་ལྡན་ཨ་མའི་གཅེས་ཕྲུག་ཏུ་འཇོག་ཆོག་ཆོག།
སྟོབས་ལྡན་ཨ་ཕའི་རེ་བ་དེ་ཐོན་ཤག་ཤག།
དགེ་རྒན་དམ་པའི་བཀའ་དྲིན་ལ་བརྩི་ལ་ལ།།
དོན་གྱི་སློབ་མ་ངོས་འཛིན་གྱི་གཏིང་ཟབ་ཟབ།།
དཔྲལ་བར་དངུལ་ཆུའི་ཐིག་ཕྲེང་དེ་འོད་ཐར་ཐར།།
ཐུགས་ཁར་རིགས་པའི་གསང་ལམ་དེ་ཇེ་མཐོ་མཐོ།།
སྨྲ་སྒོ་ངག་གི་མཚོན་ཆ་དེ་རྣོ་ངར་ངར།།
དོན་གྱི་རྟགས་གསལ་རང་ཚུགས་སུ་བརྗིད་རྔམ་རྔམ།།
དཔྱད་གསུམ་དག་པའི་སྒྲུབ་ངག་ཡང་འུར་དེར་དེར།།
ཚད་གསུམ་བདེན་པའི་རྒྱལ་ཁ་དེ་མཐོ་སེང་སེང་།།
ལུང་རིགས་ཟུང་འབྲེལ་ཕྱུག་པོ་རུ་དངོས་རྗེན་རྗེན།།
རྟག་ཆད་ལྟ་བའི་རྨང་གཞི་དེ་བཤིག་ལ་ལ།།
དོན་གྱི་རིན་ཐང་ཅན་ཞིག་ཏུ་བརྩི་ཆོག་ཆོག།
ལུགས་གཉིས་ལྟ་བའི་ཞེ་ལམ་དུ་མཐུན་ལ་ལ།།
ཕུགས་ཐག་རིང་བའི་ཤེས་རིག་ཏུ་ངོམ་ཤག་ཤག།
དུས་རབས་ཉེར་གཅིག་པའི་ནང་དུ་སྙན་ལྷང་ལྷང་།།
གཡས་རུའི་འཆད་རྩོད་ཆེན་མོ་ཡི་དོན་ཏག་ཏག།
འཕགས་བོད་ཚད་མའི་རིགས་ལམ་གྱི་འགྲོས་ཁྲིག་ཁྲིག།
ཤཱཀ་གཤེན་དགྱེས་པའི་མཆོད་ཡོན་དུ་བདེ་རིལ་རིལ།།
གདན་ས་ཁྱད་འཕགས་ཁྱུང་ཡུལ་ནས་ཕུལ་བྲེལ་བྲེལ།།
༢༠༡༡་༩་༨ཐེངས་གསུམ་པའི་ཚད་མའི་རིགས་སྒྲ་སྐབས་སུ་བྲིས།