དང་པོ་ཐ་སྙད་དབང་དུ་བཏང་ན་”རལ་པ”་དང་”རས་པ”ཞེས་གཉིས་སུ་བཤད་ཀྱང་ལོ་རྒྱུས་ཀྱི་བབ་དང་བསྟུན་ན་”རས་པ”ཞེས་འབྲི་ན་ལེགས། དེའང་རྒྱལ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་མང་དག་ཞིག་གིས་རས་པའི་བྱུང་ཁུངས་བཤད་ཚེ་བོད་རང་གི་ཕ་མེས་ཀྱི་བོན་ལུགས་ཏེ་གཡུང་དྲུང་བོན་གྱི་སྲོལ་རྒྱུན་ལས་བྱུང་བའི་གར་གྱི་སྡེ་ཚན་ཞིག་ཡིན་པར་འདོད་ཀྱི་ཡོད། དེས་ན་རླུང་སྦྱོང་ལ་རང་དབང་ཐོབ་ཅིང་རས་རྐྱང་ཁོ་ནར་གསོལ་བའི་རྣལ་འབྱོར་གར་སྟབས་ཀྱི་ཆ་བྱེད་ལས་མིང་བརྡས་བརྒྱན་ཏེ་”རས་པ་”ཞེས་འབོད་པའི་ཚུལ་དེ་དག་པར་སྣང་། རལ་པ་ཞེས་པ་དེ་ནི་རས་པའི་ཉྭ་རྒྱ་དེ་དག་གི་སྣེ་མོར་རལ་རལ་པོ་ཡོད་པ་དང་ཡང་ན་རས་པ་བ་རྣམས་ཀྱིས་སྔོན་ཆད་སྐྲ་རལ་པ་འཇོག་གི་ཡོད་པས་ན་དེ་ལྟར་བཏགས་པའི་གླེང་མོལ་ཙམ་རེད། དེའང་རས་པ་བོད་གངས་ཅན་ཞིང་དུ་ཐོག་མར་དར་ས་ནི་མདོ་ཁམས་ཁྱུང་པོའི་ཁུལ་དུ་ཡིན་ལ་དེའང་བོན་ལུགས་ཀྱི་ཆོ་ག་དང་དང་འབྲེལ་བའི་རྣལ་འབྱོར་བའི་གར་འཆམ་གྱི་རིགས་ཞིག་ལས་རིམ་བཞིན་དགའ་སྟོན་གྱི་བྲོ་གར་ཞིག་ཏུ་གྱུར།
སྤྱིར་ཁྱུང་པོའི་ཁུལ་དུ་ལོ་ངོ་སྟོང་ཕྲག་མང་པོའི་བོན་རིག་གི་ལོ་རྒྱུས་ཡོད་ཀྱང་། དེང་རབས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རས་པའི་རྒྱུད་པ་མི་འདྲ་བ་གསུམ་ཙམ་ད་བར་བཤད་ཀྱི་ཡོད་ལ། དང་པོ་རྒྱུད་པའི་དབང་གིས་ལོ་རྒྱུས་དང་བསྟུན་ཏེ་བཤད་ན་ཕུགས་རིང་ཤོས་གྲལ་གཅིག་ནི། ཁམས་ཁྱུང་པོ་སེར་ཚའི་ཁུལ་དུ་ཡོད་པའི་ཁྲ་ག་གཟིའི་ལུགས་ཏེ་ག་ཁྲོ་རས་པ་ཞེས་པ་དེ་ཡིིན་པར་འདོད། དེ་ནི་ད་ལྟའི་བར་མི་ལོ་ ༩༤༠ ལྷག་ཕྱིན་ཟིན། གཉིས་པ་ནི་སེར་ཚའི་རྡོ་བཅང་རས་པ་ཞེས་པ་དེ་རེད། དེ་ནི་རས་པ་བས་རྫུ་འཕྲུལ་བསྟན་ནས་རྡོ་ཟན་འཆང་བ་བཞིན་བཅངས་པ་སོགས་བྱས་སྟབས་དེ་ལྟར་གྲགས་ཚུལ་འདུག་ལ། དེ་ནི་ད་བར་མི་ལོ་ ༥༠༠ ལྷག་ཙམ་ཕྱིན་ཡོད། གསུམ་པ་ནི་དུང་ལོ་རས་པའམ་ལྡོང་ལུགས་རས་པ་ཞེས་པ་དེ་ཡིན་ལ་དེ་ནི་གཙོ་བོར་རྒྱུད་པ་ལས་མིང་དྲངས་ཏེ་བཏགས་པར་མངོན་ལ་དེ་ནི་ད་བར་ལོ་ ༣༠༠ ཙམ་ཕྱིན་ཟིན་ཟེར། མདོར་ན་གོང་གི་ལྡོང་ལུགས་དང་རྡོ་བཅང་གཉིས་ནི་ག་ཁྲོ་རས་པ་ལས་ཆད་ཅིང་རིམ་པར་རྒྱུད་འཛིན་གྱི་དབང་གིས་མིང་མི་འདྲ་བར་ཆགས་པའི་ལོ་རྒྱུས་དང་ད་ཡོད་རྒན་རིགས་དེའི་སྐོར་དོ་སྣང་ཡོད་མཁན་རྣམས་ཀྱིས་བཤད་ཀྱི་ཡོད་མོད། འོན་ཀྱང་གོང་གི་ལོ་ཚིག་དེ་དག་ནི་ང་ཚོས་ད་ལྟར་རྒྱུད་འཛིན་བཞིན་པའི་རས་པའི་རྒྱུད་པ་བ་དེ་དག་དང་སྦྱར་ཏེ་བཤད་པ་ཙམ་ལས་དོན་དུ་རས་པའི་སྐོར་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱ་ན་ལོ་ངོ་སྟོང་ཕྲག་གོང་གི་གོང་ནས་ལོ་རྒྱུས་འཆད་ཐུབ་པ་ཞིག་རེད་དྲན།
གཙོ་བོར་རས་པའི་ཕྱག་ཆ་དང་རྒྱན་གོས་སོགས་ལས་བོན་ལུགས་ཀྱི་རྟགས་གསལ་པོར་མངོན་པ་ནི། དེའང་བྲོ་པའི་ལག་གཡོན་པའི་ནང་གི་གཡག་རྔ་དེ་ནི་དང་ཐོག་ཚོན་མདོག་དཀར་པོ་ཡིན་པར་མངོན་ཏེ། བོན་ལུགས་དང་འབྲེལ་བའི་བྲོ་གར་རྣམས་ཀྱི་ནང་ནས་དེང་མཐོང་ཐོས་སུ་གྱུར་པའི་ཞང་ཞུང་གི་གཡུང་དྲུང་ཤོན་རྩེད་ལྟ་བུར། ཁུ་ནུ་བ་སོགས་ཡུལ་ལུང་མང་པོ་ཞིག་གིས་སྲོལ་རྒྱུད་མ་ཉམས་པར་ལག་ནང་དུ་གཡག་རྔ་དཀར་པོ་རེ་འཆང་བཞིན་ཤོན་འཁྲབ་ཀྱི་ཡོད་པ་འདི་དག་གིས་གསལ་པོར་ངེས། འོན་ཀྱང་འགའ་ཞིག་གིས་རས་པའི་རྔ་དམར་གྱི་འགྲེལ་བཤད་གནང་དུས། དེ་ནི་སྔོན་མི་ལ་རས་པ་རྒྱ་གར་དུ་ཕེབས་དུས་རྒྱ་གར་རྒྱལ་པོས་གཡག་རྔ་ཞིག་གནང་ནས་འདི་ཁྱོད་ཀྱིས་དུག་སྦྲང་དང་ཚ་བ་འགོག་བྱེད་གྱིས་ཤིག་བཤད་པས་ཁོང་གིས་ཀྱང་རླུང་གཡབ་ཚུལ་དུ་འཛིན་སོགས་བཤད་ཀྱི་འདུག་ཀྱང། འདི་དག་བརྟག་དཔྱད་ནན་པོ་བྱ་ཚེ་སྔོན་ནས་ད་ལྟའི་བར་རྒྱ་གར་བས་རླུང་གཡབ་ཀྱི་ཚུལ་དུ་གཡག་རྔ་འཛིན་པའི་ལོ་རྒྱུས་མ་མཐོང་ལ། དེ་ནི་ཁྱོད་ལྷ་ས་འགྲོ་མ་མྱོང་ན་ངས་ག་རེ་བཤད་བཤད་རེད་ལྟ་བུ་ལས་མ་འདས་པས་བཞད་བགད་ཀྱི་རྒྱུ་ཁོ་ནར་ངེས།
འོ་ན་ཇི་ལྟར་ཡིན་ཞེ་ན། འདི་རྣམས་ཀྱིས་གཙོ་བོར་བོན་ལུགས་ཀྱི་དབལ་ཁ་དང་དགྲ་ལྷ། ཀླུང་རྟ་དང་ཁ་རྗེ་དབང་ཐང་གསོལ་བའི་བརྡ་རྟགས་ཞིག་ཏུ་མཚོན་གྱི་ཡོད་པར་བརྟེན་བོན་གྱི་སྲོལ་རྒྱུན་མ་ནོར་བ་ཞིག་གི་ཁྱད་བོན་ལྡན་ཡོད། རས་པའི་ལག་གཡས་ནང་གི་གཤོང་ངམ་སིལ་སྙན་ནི་ཐུན་མིན་བོན་གྱི་ཕྱག་ཆ་ཁོ་ན་ཞིག་ཡིན་པ་དང། རས་པ་ཐོག་མར་བོན་ལུགས་ཤུགས་ཆེར་དར་བའི་ལུང་པ་ཞིག་ལས་རིམ་བཞིན་དར་ཁྱབ་བྱུང་བ་འདི་དག་གིས་ལོ་རྒྱུས་ངོ་མ་གང་ཡིན་གསལ་པོར་བསྟན་ཡོད་ཀྱང་། ཁ་གཅིག་གིས་རས་པའི་ལོ་རྒྱུས་འཆད་སྐབས་གླང་ཆེན་མཐོང་མ་མྱོང་བའི་ལུང་པར་གླང་ཆེན་བསད་པའི་གཏམ་རྒྱུད་དང་མུ་ཏོ་བའི་ཁ་གསོའི་ཆེད་དུ་བྱུང་བར་འདོད་པ་རྣམས་ལ་དཔྱད་པ་རེ་གནང་དགོས་པ་འདུག་སྙམ། འོན་ཀྱང་ད་ལྟའི་ཆར་ཁྱུང་པོའི་རས་པ་དང་སྡེ་དགེའི་བྲོ་ཆེན། སྨར་ཁམས་པི་ཝང་གསུམ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ཙམ་མ་ཟད་ལྗོངས་ཡོངས་སུ་སྐད་གྲགས་ཁྱབ་བཞིན་ཡོད་ལ་ཁྱུང་པོའི་རས་པས་བོད་ལྗོངས་མངའ་ཁུལ་གྱི་དུས་སྟོན་མང་པོ་ལས་གཟིངས་བསྟོད་ཀྱང་རབས་དང་རིམ་པར་བླངས་དང་ལེན་བཞིན་ཡོད།
དེ་བཞིན་རས་པའི་སྐོར་འགྲོས་དང་(ལོ་མང་པོ་ཞིག་གི་སྔོན་དུ་བོན་སྐོར་དུ་འགྲོ་ཡི་ཡོད་ཀྱང་ད་ལྟར་ཕལ་ཆེར་ཉམས་ཟིན་)རྒྱན་གོས་རྔ་རོལ་སོགས་ལས་བོན་ལུགས་ཀྱི་གྲུབ་ཆ་མང་པོ་ཞིག་ལྡན་ཡོད་ལ། ལྷག་པར་ས་བཅོས་ཡུལ་བཅོས་དང་མཁར་ཁང་རྟེན་བཞེངས་སོགས་ཀྱི་ཆེད་དུ་ས་འདུལ་དགོས་ཚེ་རས་པ་འཁྲབ་པའི་ལོ་རྒྱུས་སོགས་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཡོད་ཀྱང་རེ་ཞིག་གོ་བ་ཅན་ལ་ཐེངས་ཞིག་ཅེས་པའི་དཔེ་ལྟར་འདི་ཙམ་གྱིས་འཐུས་པར་སེམས་སོ། །
རྩོམ་འདི་ཁམས་པའི་ལོ་རྒྱུས་ཆེན་མོའི་ནང་ཚན་(ཁྱུང་པོ་སེར་ཚའི་ལོ་རྒྱུས་སྲིད་པ་རྒས་པོའི་འབེལ་གཏམ།) ཞེས་པ་ལས་དྲངས་ཏེ་ཡུལ་དུས་དང་མཚམས་པའི་བཟོ་བཅོས་ཕྲན་བུ་བྱས་ཡོད།
- ཟིན་ཐོ་གོང་མ།ང་འདི་འདྲ་ཞིག་ལ་འཚོ་བར་འདོད།
- ཟིན་ཐོ་འོག་མ།“རྒྱ་གར་”ཞེས་པའི་ཐ་སྙད་ལ་དཔྱད་པ།