ལོ་ཟླའི་ཕྲེང་བ་བགྲངས་པའི་འཁོར་ཁུག་ན།
།
དཔྱིད་གསུམ་ཀུན་བདེའི་དགེ་སྒྲུབ་མ་མཆིས་ཀྱང༌། །
མགོ་ནག་མི་ཡིས་བསྐྲུན་པའི་གྲོང་ཁྱེར་ན། །
རིག་འཚོ་ཟིན་པའི་མི་ཞིག་བྱེད་པར་འདོད། །
ཀ་དག་གནས་ལུགས་རྟོགས་པའྀ་རྣལ་འབྱོར་མིན།
།
ཁ་བཤད་དོན་ལ་གནས་ཙམ་གྲྭ་རྐྱང་ཡིན། །
ག་བྱེད་ཅི་བྱེད་མི་ཤེས་བླུན་རྒན་མིན། །
ང་རང་མདུན་རྒྱབ་ཤེས་པའི་མི་སྤྱང་ཡིན། །
ཅ་རེར་མཐོང་ཚད་གྲོགས་པོ་བཟོ་མཁན་མིན། །
ཆ་རྒྱུས་ཅན་ལ་རྟག་ཏུ་མཐུན་མཁན་ཡིན། །
ཇ་ཟས་རིག་ཚད་ཁ་ལ་བརྫོང་མཁན་མིན། །
ཉ་ར་བདག་གཉེར་རང་ལུས་བསྲུང་ཤེས་ཡིན། །
ཏ་ཀུ་གང་ཐོབ་ཉར་བའི་དཀོར་བདག་མིན། །
ཐ་ཐོར་འཚོ་བས་འདོད་བློ་ཁེངས་ཙམ་ཡིན། །
ད་ལོར་མཐུན་ནས་སང་ལོར་འགྲས་མཁན་མིན། །
ན་མཉམ་གྲོགས་ལ་མཛའ་བརྩེ་རྒྱུན་སྲིང་ཡིན། །
པཱ་ལགས་པཱ་ལགས་ཚང་མར་བརྗོད་མཁན་མིན། །
ཕ་མ་དངོས་ཀྱི་དྲིན་ལན་དྲན་ཤེས་ཡིན། །
བ་ལང་ལས་ཞན་སྤྱོད་ལོག་འཁྲབ་མཁན་མིན། །
མ་འདོད་རང་སར་འཇོག་པའི་བཏང་སྙོམས་ཡིན། །
ཙ་རིའི་སྨྱུག་འདྲའི་ལྡེམ་ལྡེམ་འཁྱུག་འཁྱུག་མིན།
།
ཚ་རུའི་ལྭ་བ་ཡོད་ན་གྱོན་ཤེས་ཡིན། །
ཛ་ལང་སྤྱོད་པར་དགའ་བའི་ཕོ་རྒོད་མིན། །
ཝ་ལེར་རང་སྣ་བསྲུང་བའི་ཚོད་ཅན་ཡིན། །
ཞྭ་དཀར་བསྟན་པ་བཙོང་ལ་འཇོན་མཁན་མིན། །
ཟ་ཤེས་འཐུང་ཤེས་རང་ལྟོ་འགྲང་ཙམ་ཡིན། །
འ་ཅག་རྒྱལ་བསྟན་རྒྱུན་དུ་གྱེར་མཁན་མིན། །
ཡ་ཡོའི་གཏམ་ལ་ལན་འདེབས་ཤེས་ཙམ་ཡིན། །
ར་གན་གསེར་བརྫུས་ཐམས་ཅད་བསླུ་མཁན་མིན། །
ལ་རྒྱ་ཅན་ལ་གང་ཐུབ་བསླབ་ཤེས་ཡིན། །
ཤ་ཆང་ཟས་ལ་མགོ་བོ་འཁོར་མཁན་མིན། །
ས་མཐར་འཁྱམས་པའི་དགོས་པ་ཤེས་ཙམ་ཡིན། །
ཧ་ལོ་ཡུའོ་ནོས་ལོ་ཙཱ་སྦྱོར་མཁན་མིན། །
ཨ་མྱེས་བསླབས་པའི་བོད་སྐད་གོ་ཤེས་ཡིན། །
ཨ་རི་དག་ཞིང་བསྐྱེད་པའི་སྒོམ་ཆེན་མིན། །
ཧ་ཅང་ཐལ་བའི་ལས་ལ་འཛེམ་མཁན་ཡིན། །
ས་ལམ་བརྩེ་ཆེན་ལྡན་པའི་སེམས་དཔའ་མིན། །
ཤ་ཚ་ཉམས་ཆུང་ཡིད་ལ་དྲན་མཁན་ཡིན། །
ལ་རྒྱའི་སྟོང་བཤད་མི་ཚེ་བསྐྱེལ་འདོད་མིན། །
ར་བ་གངས་རིའི་གནས་སྟངས་ཤེས་མཁན་ཡིན། །
ཡ་གིའི་གོ་སར་རྩོད་པའི་བླ་སྤྲུལ་མིན། །
འ་ཅག་རྨོངས་པས་ཡེ་ནས་སྨྱོས་མཁན་ཡིན། །
ཟ་འོག་བརྒྱན་ཀླུབ་ཕྱི་མཛེས་ནང་སྟོང་མིན། །
ཞ་ར་གཡང་མཆོང་ཕྱོགས་ལ་དྭོགས་མཁན་ཡིན། །
ཝ་མོས་རང་རྔ་བསྲུང་བའི་འཕྱོར་ཅན་མིན། །
ཛ་དྲག་བསྟན་དོན་གང་ཐུབ་ཞུ་མཁན་ཡིན། །
ཚ་བེ་འཚུབ་བེའི་མགོ་བཙུག་འཇུག་ལུས་མིན། །
ཙ་རའི་ཁྲིམས་ལ་རྒྱུན་ཏུ་བསྟུན་མཁན་ཡིན། །
མ་རྩ་སྒོར་མོས་ཉོས་པའི་མཁས་དབང་མིན། །
བ་ལ་ཡ་སོ་ཡོད་མེད་ཤེས་མཁན་ཡིན། །
ཕ་མེས་རུས་རིགས་བགྲངས་བའི་ཁུངས་བཙུན་མིན། །
པཱ་ལགས་ཡེ་ནས་འཁོར་བར་འཁྱམས་མཁན་ཡིན། །
ན་འཆི་མི་དྲན་སྐྱིད་ཉམས་གཏོང་མཁན་མིན། །
ད་ལོར་སང་ལོར་ཅི་ཡོང་སྙམ་མཁན་ཡིན། །
ཐ་མལ་སྤྱོད་པས་ཉི་མ་ཅི་ཕུད་མིན། །
ཏཱ་ཐ་གྷ་ཏཱའི་བསྟན་དོན་སྦྱོང་མཁན་ཡིན། །
ཉ་མ་མེད་པའི་གྲོང་ཆོག་འགྲིམས་མཁན་མིན། །
ཇ་ཁ་མདངས་ཀྱིས་བརྒྱན་པའི་བཙུན་གཟུགས་ཡིན། །
ཆ་བྱེད་རྒྱུན་ཏུ་གཟབ་པའི་མཛེས་ལྡན་མིན། །
ཅ་ནེ་ཕོར་གོག་བཟུང་ནས་སྡོད་མཁན་ཡིན། །
ང་ཁྱོད་རྒྱུན་ཏུ་རྩོད་པའི་ངོ་ནག་མིན། །
ག་ཞ་བཞད་གད་ཕྱོགས་ལ་དགའ་མཁན་ཡིན༌། །
ཁ་ནས་གང་ཐོན་སྒྲོག་པའི་སྨྱོན་པ་མིན། །
ཀྭ་ཡེ་ཀྱེཻ་སོགས་གུས་ཞབས་ཤེས་མཁན་ཡིན། །
སྨྲས་པ། ཡ་རབས་གོང་མའི་ལམ་སྣེར་འདི་ཡིས་འཁྲིད། །
སྤྱོད་ངན་འཁོར་ཚོགས་ཐོད་རྒྱ་འདི་ཡིས་དབྲལ། །
དབྱེན་དཀྲུག་སྦྲུལ་གྱི་དུག་ལྕེ་འདི་ཡིས་གཅོད། །
དེས་ན་ཀུན་གྱིས་འདི་ལ་ཁ་འདོན་བྱོས། །
ཞེས་པའི་རྩོམ་འདི་ནི་ཞང་ཞུང་ཡུལ་རྒྱལ་བ་བརྙེས་པའི་ཚལ་ཁྱུང་ལུང་དངུལ་མཁར་དེང་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་གི་སྔགས་རྒན་ཧཱུྃ་ཤི་ཕཌ་འགྱེལ་མེས་མཁས་མཆོག་རྡོ་རྗེ་ལགས་ཀྱིས་གསང་བ་དབྱིངས་རོལ་ལ་ཕུལ་བའི་དོན་ཡིན་མིན་གྱི་མགུར་མ་དེ་བཀླགས་རྗེས་ལད་ཟློས་ཚུལ་དུ་ཡུལ་གྱར་བ་ཁུ་འཕངས་སུ་འབོད་པས་ལོ་ ༢༠༠༢ ཟླ ༧
ཚེས ༣༠ ཉིན་ཐོབ་རྒྱལ་རི་བོ་ནས།
བདག་གི་བརྩམས་བོན་དེབ་ཕྲེང་དང་པོ་(གསང་གཏམ་དམར་པོ་)ལས་དྲངས།
- ཟིན་ཐོ་གོང་མ།སུམ་གླང་གྱིམ་ཤོད་ཡུལ་གྱི་རྟོགས་བརྗོད་སྐྱ་རེངས་འོད་ཀྱི་འཛུམ་ཟེར།
- ཟིན་ཐོ་འོག་མ།ཁྱུང་པོ་ཁུལ་གྱི་རས་པའི་སྐོར།
ད་ལོ་མཐུན་......ད་ལོར་
བརྩེ་རྒྱུན་་་་་་་་བརྩེའི་རྒྱུན་
ཐུང་ཤེས་་་་་་འཐུང་ཤེས་
ལོ་ཙྭ་་་་་་་ལོ་ཙྰ་
ཨ་རི་དག་་་་ཨ་རིའི་དག་
ཚུབ་བེའི་་་་་་འཚུབ་བེའི་
ད་ལོ་སང་ལོ་ཅི་་་་ད་ལོར་སང་ལོར་
ཡུལ་གྱལ་བ་་་་་ཡུལ་གྱར་པ་
གོང་གི་དཔྱོད་ལྡན་ལགས་ནས་དག་བཅོས་གནང་བར་བཀའ་དྲིན་ཆེ། རྩོམ་འདི་བདག་གི་གློག་ཀླད་དུ་ཡོད་པ་དེ་ག་རང་དུ་བཀོད་པ་ཡིན་པས་དག་བཅོས་བྱ་རྒྱུ་བརྗེད་སོང་ནི་རེད། རྒྱ་ཆེའི་ཀློག་མཁན་རྣམས་ལ་དགོངས་སེལ་ཞུ།
“སྤྱང་”ནི་སྤྱང་གྲུང་གི་སྤྱང་ཡིན།
“བརྩེ་རྒྱུན”་ནི་བརྩེ་བ་དེ་ཉིད་རྒྱུན་སྲིང་ཞེས་པའི་དོན་ཡིན།
“ཨ་རི་དག་”ནི་ཨ་རི་དེ་ཉིད་དག་པའི་ཞིང་ལྟ་བུ་སྒོམ་མཁན་ལ་གོ།
གཞན་པ་རྣམས་ནི་ཁྱེད་ཀྱི་བཀའ་སློབ་ལས་འདའ་ས་མེད་པས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།།
རྒན་ཁུ་འཕངས་ལགས། གུས་པའི་ཟིན་བྲིས་སུ་ཕེབས་པར་སྣེ་ལེན་ཟབ་རྒྱས་ཞུས་ཡོད། ཁྱེད་ཀྱི་རྩོམ་རྩལ་དེས་གུས་པའི་ཡིད་འོང་རབ་ཏུ་འཕྲོག་སོང་། མུ་མཐུད་ནས་གུས་པས་སྤེལ་བའི་རྩོམ་ཉོག་དེ་ཚོའི་མི་འདང་བའི་ས་དང་དག་ཆ་སོགས་ལ་ཐད་ཀར་སྐྱོན་བརྗོད་དང་དག་བཅོས་བྱ་རོགས།
གུས་པ་ནི་རྩོམ་ཡིག་འབྲི་རྒྱུར་ལ་ཤིན་ཏུ་མོས་པ་ཡོད་རུང་རིག་གནས་ཀྱི་རྨང་གཞི་ཞན་པས་ལེགས་པོ་འབྲི་ཤེས་ཀྱི་མི་འདུག་པས་རོགས་རམ་མང་ཙང་གནང་བར་རེ།
ལྷ་གཡག་དར་མས།