སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཟིའི་ཕན་ནུས་སྐོར་བཤད་པ།འོས་སྦྱོར།  | 2012/8/8 16:43:00
གཟིའི་ཕན་ནུས་སྐོར་བཤད་པ།
ཚངས་དབང་དགེ་འདུན་བསྟན་པ།

  གཟི་ནི་བོད་མི་རིགས་ཀྱི་སྙིང་ནོར་ཡིན་ལ་མི་རིགས་རིག་གནས་ཀྱི་མཚོན་རྟགས་ཞིག་ཀྱང་ཡིན་པས་བོད་ཀྱི་ན་གཞོན་གནའ་རྫས་རྟོག་དཔྱོད་པ།གཟིའི་ཆེད་ལས་མཁས་པ།རི་མོ་བ།ཡིག་མཁན།མཁས་བ་ཚངས་དབང་མཆོག་གིས་ལོ་ངོ་མང་བོར་རྐང་ཐང་གི་འགྲུལ་བཞུད་ཀྱིས་ས་ཆ་མང་བོར་གཟིའི་རིག་གནས་རྒྱུས་ལོན་དང་ཁུངས་ཐུབ་ཀྱི་གནའ་དཔེ་མང་བོར་བཤར་ཀློག་བརྒྱུད་བརྟག་ཐབས་ཀྱི་ཟུར་གྱིས་བརྒྱན་ཏེ།གཟིའི་ཕན་ནུས་སྐོར་དང་གཟིའི་རིག་གནས།བརྟག་ཐབས།གཟི་ལམ་འཚོལ་བ་སོགས་གསར་རྩོམ་གནང་ཡོད།དེ་དག་ནི་རང་མི་རིགས་ལ་གལ་ཆེ་བར་དགོངས་པ་དང་གཅིག    དེ་མིན་གཟི་དང་དབྱར་རྩྭ་དགྭན་འབུ་ནི་ད་ལྟ་འཛམ་གླིང་ཚོང་རའི་ཁྲོད་རིན་གོང་ལྡབ་འགྱུར་གྱིས་འཕར་བ་དང་གཉིས།རང་གི་གཟིའི་རིན་ཐང་ཤེས་ཚེ་གཞན་གྱི་བསླུ་བྲིད་དང་གྱོང་མི་རེག་པའི་དགེ་མཚན་དུ་མར་དམིགས་ནས་སྐུ་ཉིད་ཀྱི་མ་ཡིག་གཡར་ཏེ་ཀུན་སློང་རྣམ་དག་གིས ཆེད་དུ་མཁོ་འདོན་ནམ་འོས་སྦྱོར་བྱས་བ་ལགས་སོ། དགེའོ།།
   དང་པོ། སྤྱིར་བཤད་པ།
   གཟི་ནི་བོད་མི་རིགས་ཀྱི་སྙིང་ནོར་ཡིན་ལ།ལོ་ངོ་སྟོང་ཕྲག་ལྔའི་ཡར་སྔོན་གྱི་བོད་མི་རིགས་ཀྱི་རིག་གནས་དཔལ་ཡོན་མཚོན་པའི་རྟགས་མཚན་ཞིག་དང་།ཆོས་ལུགས་ཀྱི་གསང་བ་མཐར་ཐུག་མཚོན་པའི་རིག་སྔགས་ཀྱི་རྫས་སྦྱོར་ཞིག་ཀྱང་ཡིན་པས།གཟི་ཞེས་པ་ཡང་སྙིང་ཅི་ཡིན་རྒྱུས་ལོན་དང་ཞིབ་འཇུག་བྱེད་རྒྱུ་ནི་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།།
    སྤྱིར་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་དེ་དག་ལ་རང་རང་གི་རིག་གནས་དཔལ་ཡོན་དང་ཆོས་ལུགས་དད་མོས་མཚོན་པའི་རིན་པོ་ཆེ་རེ་ཡོད་དེ།དཔེར་ན།སྔོན་གྱི་དུས་སུ་སོག་པོ་མི་རིགས་ནི་བྱུ་རུ་ལ་དགའ་ཞིང་།རྒྱ་གར་བ་རྣམས་ནི་བ་སོ་དང་།ཡོ་རོབ་པ་ཚོ་ནི་རྡོ་རྗེ་ཕ་ལམ།འཇའ་བྷན་བ་ནི་མུ་ཏིག རྒྱ་ནག་ནི་གཡང་ཊི།  ཧི་མ་ལ་ཡའི་མི་རིགས་རྣམས་ནི་གཟི།  ཨེ་ཇེབ་དང་ཏ་ཟིག་པ་རྣམས་ནི་བཻཊུ་རྱ་སོགས་མི་རིགས་ཀྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་རིན་པོ་ཆེའི་དགའ་ཕྱོགས་ཀྱང་མི་གཅིག་པ་རེད། དེ་འདྲ་ཡིན་ཕྱིན། བོད་མི་རིགས་ཀྱིས་དམིགས་བསལ་གྱིས་གཟི་ལ་དགའ་བའི་རྒྱུ་མཚན་ཡང་། ཐད་ཀར་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གནས་གོམས་སྲོལ་དང་།ཆོས་ལུགས་དད་མོས་ཀྱི་དགའ་ཁ་འཁྱེར་ཕྱོགས་ལ་འབྲེལ་བ་ཡོད་པར་གསལ།དགའ་ཕྱོགས་དེ་ཡང་གཙོ་བོ་བྱ་དངོས་དེ་ནུས་པ་ཅི་ཞིག་འདོན་པ་ལ་རག་ལས་པས།ཅི་ལྟར་ནུས་པ་ཁྱད་པར་བ་བཏོན་ན་དེ་ལྟར་དུ་དགའ་མཁན་ཇེ་མང་དུ་འགྲོ་བ་ནི་ཆོས་ཉིད་ཡིན་ནོ།།
  དེའི་ཕྱིར།གཟིའི་ཕན་ནུས་ཤེས་རྒྱུ་ནི་གཟིའི་རིག་གནས་ཐམས་ཅད་ཀྱི་ནང་ནས་གཙོ་བོ་ལས་ཀྱང་གཙོ་བོ་ཡིན་ཕྱིན།ཐོག་མར་གཟིའི་ཕན་ནུས་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་བས་གཤམ་དུ་གཟིའི་ཕན་ནུས་གླེང་བར་བྱ།
  དང་པོ།གཟིའི་ཕན་ནུས་སྤྱི་བཤད་པ།དེ་ཡང་ཇི་སྐད་དུ།སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས།རིན་ཆེན་བརྟགས་པའི་བསྟན་བཅོས་གང་།།རྟོགས་པ་མཁས་པ་རྡོ་རྗེ་འཆང་།།ཚེ་ཡི་ནོར་བུའི་འཆང་བ་རུང་།།ཡིད་བཞིན་སྣ་ཚོགས་ནོར་བུའི་འཆང་།།ཨིན་དྲ་ནཱི་ལ་རིན་ཆེན་སོགས།།ནོར་བུ་ཆེན་པོ་གཞན་དག་ཀྱང་།།
འཆང་བར་བྱེད་པས་འཆི་བ་ཀུན།།བཟློག་པར་འགྱུར་བ་ཐེ་ཚོམ་མེད།།གང་ཕྱིར་ནོར་བུའི་མཐུ་ལ་ནི།།སོམ་ཉི་བྱེད་པ་མི་རིགས་ཏེ།།ནོར་བུ་བསམ་གྱིས་མི་ཁྱབ་པའི།།མཐུ་དང་ལྡན་པར་ཐམས་ཅད་འདོད།།ཅེས་གསལ་བ་དང་།ཀརྨ་པ་སོགས་ཀྱིས་བསྒྲིགས་པའི་༼ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ༽་བྱ་བ་ལས་ཀྱང་།གནའ་རབས་དག་གིས་ཁྲ་མོ་ཟེར།།ད་ལྟ་ཡོངས་གྲགས་གཟི་ཞེས་འབོད། །ནོར་བུ་བསམ་འཕེལ་འདི་ལ་ཟེར།    །ཁྲ་མོ་གླིང་བཞི་འདི་ལ་ཟེར། །འདི་ཉིད་ནོར་བུའི་མཆོག་ཡིན་ནོ། །ནོར་བུའི་ནོར་ངོ་མ་ཟིན་ན། །ནོར་བུ་ཆུ་ཁའི་རྡོ་ལེབ་ཡིན། །ནོར་བུའི་ནོར་ངོ་ཟིན་གྱུར་ན། །ནོར་བུ་དགོས་འདོད་ཀུན་འབྱུང་ཡིན། །འབད་པ་བརྒྱ་ཡིས་དོན་མི་འགྲུབ། །
རྔམ་པ་སྟོང་གིས་ས་མི་ཆོད། །ནོར་བུ་མཐེ་བོང་ཙམ་ཞིག་གིས།  །འདོད་པའི་དོན་ཀུན་འགྲུབ་པར་གསུངས། །ཞེས་གསུངས་པ་ལྟར་། ནོར་བུ་གཟིའི་ཕན་ནུས་ནི་བསམ་གྱིས་མི་ཁྱབ་པས།    སྔོན་བྱོན་སྐྱེས་པུ་དམ་པ་རྣམས་ཀྱིས་གཅིག་མིན་དུ་མར་གསུངས་ཡོད་དེ།   ཀུན་མཁྱེན་འཇིགས་མེད་གླིང་བའི་ཞལ་ནས། འཇིག་རྟེན་སྤྱི་མཐུན་བསོད་ནམས་དག་དང་བདེ་གཤེགས་རྒྱལ་བའི་ཐུགས་རྗེ་སྤྲིན་ཆེན་གྱིས། །འདོད་རྒུ་སྟེར་བའི་ལྗོན་བཟང་ཇི་བཞིན་རྣམ་མང་རིན་ཆེན་ཕུང་བོ་སྤུངས་པ་ལས།  །ལྟག་ལོག་རྐང་རིང་ཁྲ་ཆུང་ལ་སོགས་འཛམ་གླིང་གཟི་རིགས་དབྱེ་བ་མང་དུ་གཏམས།    །ཁྲག་གཟེར་བྱད་ཁ་སྟེང་གདོན་གཟའ་དང་སྡེ་བརྒྱད་གནོད་པ་རྣམས་ལ་གོ་ཆ་བཞིན།    །ལུས་སྲུང་དཔལ་བསྐྱེད་ཀུན་གྱི་ཡིད་འཕྲོག་མཛའ་བརྩེའི་སེམས་པ་འཇོ་བ་དང་།    །ཚེ་འདིར་མངའ་ཐང་ལོངས་སྤྱོད་འཕེལ་ཞིང་སྙན་གྲགས་ཆུ་བོའི་རྒྱུན་ལ་འགྲན་པར་ངེས།  །ཞེས་གསུངས་ཤིང་།     ཁོང་གིས་(ཀུན་མཁྱེན་འཇིགས་མེད་གླིང་བ་ནི་སྤྱི་ལོ་༡༧༢༩་ནས་༡༧༩༧་བར་ཡིན།  སྔ་འགྱུར་རྙིང་མ་པའི་ཀུན་མཁྱེན་རྣམ་གཉིས་ཞེས་གྲགས་པའི་ཡ་གྱལ་ཡིན)གཟི་ལ་དབྱིབས་ཀྱི་སྒོ་ནས་ལྟག་ལོག་དང་།  རྐང་རིང་།  ཁྲ་ཆུང་སོགས་ཡོད་པ་དང་།    དེ་དག་གི་ནུས་པའང་ཁྲག་གི་ནད་རིགས་ཏེ་གདོན་ནད་དང་།   གཟའ་ནད།    སྡེ་བརྒྱད་ཀྱི་གནོད་པ་སོགས་ལ་ཚོན་སྲུང་བཞིན་དུ་ཕན་པ་མ་ཟད།འདིའི་ནུས་པས་ཀུན་གྱི་ཡིད་འཕྲོག་པའི་གཟི་བྱིན་འཕེལ་ཞིང་།   མི་ཕན་ཚུན་བར་ལ་མཛའ་བརྩེའི་དུངས་པ་ཟབ་པ།  ཚེ་འདིར་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་མཚན་སྙན་གླིང་ལ་ཁྱབ་པའི་བསོད་ནམས་ཀྱི་དཔལ་བསྐྱེད་པ་སོགས་ཕན་ནུས་བློ་ཡུལ་ལས་འདས་པ་ཡོད་པར་བཤད་དོ།།དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་༼ཤེལ་གོང་ཤེལ་ཕྲེང༽་ལས།    གཟི།  སྲུང་བའི་མཆོག་ནི་སྟག་ལོག་ཟླུམ་པོ་དང་།   རྐང་རིང་འགྱུར་དགུ་ཡིན།    འདིས་ཕྱིས་པས་མིག་ནད་ལ་ཕན་པ་དང་།     ཆུ་གྲང་དུ་ཞག་གཅིག་སྦངས་པའི་ཆུས་ཁྲག་གིས་གཟེར་བ་ལ་ལྷུག་(ལྷུགས)སུ་བརྡེགས་པ། བཏུང་བས་གཟའ་ནད་ལ་བབས་པར་ཕན།   ཁོང་སྨན་དུ་འགྲོ་བའང་ཡོད།མདེའུར་སྦྱར་ནས་བྱ་གདོན་གཟིར་ཐབས་དང་།      ལུས་ལ་འཆང་བས་གཟའ་ནད་སྲུང་བར་ཡང་བཤད། ཅེས་འཁོད་ཡོད་པ་དེ་ལས་ཀྱང་ང་ཚོས་ཤེས་ཐུབ་པ་ཞིག་ནི།བོད་ཀྱི་གསོ་རིག་པ་མཁས་ཅན་དེའུ་དམར་དགེ་བཤེས་(སྤྱི་ལོ་༡༦༧༣ནས༡༧༤༦བར་ཡིན)ཀྱིས་བོད་སྨན་གྱི་གཞུང་ལུགས་ཁག་ཏུ་གཟིའི་ཕན་ནུས་མང་དུ་བཤད་ཡོད་པ་དང་།     ༼གསོ་རིག་རྒྱུད་བཞི༽་དང་། ༼གསོ་རིག་འབུམ་བཞི༽་སོགས་ལས་གཟི་དཀར་ཁྲ་མེན་འདི་གཟའ་ནད་དང་གདོན་ལ་ཕན་པའི་གནས་ཚུལ་འཁོད་ཡོད་པས།    མུ་ཏིག་བདུན་ཅུའི་སྨན་སྦྱོར་གྱི་གྲུབ་ཆ་གཙོ་བོའང་གཟི་ཡིན་པའི་རྒྱུ་མཚན་དེ་ཡིན།  དེའི་ཕྱིར།     གཟི་ནི་གཡང་སྒྲུབ་དང་།      བསང་རྫས།     སྲུང་འཁོར་སོགས་ཀྱི་རྫས་སྦྱོར་གལ་ཆེན་ཞིག་ཀྱང་ཡིན་ཕྱིན།    བསང་མཆོད་རྒྱས་པ་ཚད་ལྡན་ནང་དུ།   གཟི་ནི་མེད་དུ་་མི་རུང་བ་ཡིན་ཏེ། འཇུ་མི་ཕམ་གྱི་༼གཟའ་གྲིབ་སྲུང་ཐབས༽་སུ། རང་སྲུང་སྔགས་འདོན་པས་ཆོགགཞན་སྲུང་ན་གཟི་མིག་དགུའམ། མ་རྙེད་ན་དར་མཚོན་(ཚོན)སྣ་ལྔ་ལ་བཏབ་ཏེ་ འཆང་།     བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རིན་ཆེན་རྒྱན་གྱིས་བརྒྱན་པ་དྲི་མ་མེད་པ་ཟླ་བའི་སྒྲོན་མེ་ལ་ཕྱག་འཚལ་ལོ།།   ཞེས་གསུངས་ཤིང་།   འདིས་མི་ཕམ་རིན་པོ་ཆེ་(སྤྱི་ལོ་༡༨༤༦་ནས་༡༩༡༢བར་ཡིན)ཡང་གཟི་ལ་དོ་སྣང་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པའང་ཤུགས་ཀྱིས་རྟོགས་ཐུབ་བོ།།
   གཞན་གཡེར་གཤོང་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་༼ཀླུ་དབང་རྒྱལ་པོའི་ལས་ཚོགས༽་བྱ་བ་ལས།    ཀླུའི་དམ་རྫས་ལ་སྤང་རྫས་དང་བསྟེན་རྫས་གཉིས་ཞེས་པའི་རྗེས་མའི་སྐབས་སུ།   དབང་བོ་ཉམས་པ་གསོ་བ་ལ་རྨ་བྱའི་མདོངས།   ཀུ་བའམ་ཛ་ཏི་གང་རུང་དང་།    ཀླད་པ་ཉམས་པ་ལ་མུ་ཏིགརྣ་བ་ཉམས་པ་ལ་བཱུ་ཤེལ་རྩེ་དང་།     མིག་ཉམས་པ་ལ་གཟི་ཟླུམ་ཁྲ་བོའམ་ལུང་ཐང་ནག་པོ་གང་རུང་དང་།   ཞེས་དགེ་ལུགས་ཀྱི་མཁས་དབང་དམ་པ་གཡེར་གཤོང་མཁན་པོ་ནོ་མུ་ཧན་(སྤྱི་ལོ་༡༨༨༢ནས་༡༩༥༤་བར་ཡིན) གྱིས་ཀྱང་གཟིའི་ཕན་ནུས་སྐོར་ལ་དོ་སྣང་ཆེན་པོ་བྱེད་འདུགཉེ་ཆར་གྱི་མཁས་དབང་ཆེན་པོ་ནམ་མཁའི་ནོར་བུ་ལགས་ཀྱིས་ཀྱང་།   གཟིའི་རིགས་དེ་རྣམས་དེང་དུས་ཀྱི་དངུལ་དང་འདྲ་བ་དཔལ་འབྱོར་གྱི་རིན་ཐང་གཞལ་ཐུབ་བའི་དངོས་པོ་ཞིག་ཡིན་པ་དང་།གནའ་མི་ཚོས་དེ་ལུགས་སུ་བེད་སྤྱོད་བྱས་ཡོད་པ་ནི།    ཆུ་མིག་དང་རི་མོའི་རིན་ཐང་འདྲ་བའི་ཁྱད་པར་གྱིས་ཤེས་ཐུབ་མོད། གཟིའི་རིགས་འདི་ལ་ཨི་ཁུང་ཡོད་པར་བརྟེན།     རང་ལུས་ཀྱི་མཛེས་རྒྱན་དུ་བེད་སྤྱོད་བྱས་ཡོད་པའང་ཤུགས་ཀྱིས་ངེས་ཐུབ་པ་ཡིན། གཟིའི་རིགས་རྣམས་ལུས་རྒྱན་གྱི་ཚུལ་དུ་འཆང་བ་དེ་ལ་རིན་ཐང་ཆེ་བའི་དངོས་པོ་རྣམས་རང་དང་འབྲལ་མེད་དུ་བཅང་ཐུབ་པ་དང་།བོད་སྨན་དུ་རིན་པོ་ཆེ་གཟིའི་རིགས་ཀྱིས་གྲིབ་སྐྱོན་སེལ་ཞིང་།    དེ་ཉིད་ལུས་ལ་བཅ་བས་ཀྱང་གྲིབ་སྐྱོན་མི་འོང་བར་ཕན་ཚུལ་བཤད་ཡོད་པ་བཞིན། གནའ་མི་ཚོས་རྒྱུ་མཚན་དེའི་རིགས་རྟོགས་ནས་ལུས་ལ་གྲིབ་སྐྱོན་མི་འབྱུང་བའི་ཆེད་དུ་བཅངས་ཡོད་པ་བཅས་ཀྱི་དགོས་པ་ཅི་རིགས་ཤིག་ཡོད་པའང་སྨོས་མ་དགོས་པ་རེད།     ཅེས་གསལ་ཞིང་།དེ་ལྟ་བུ་སྔོན་བྱོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱིས་གཟི་འདིའི་ཕན་ནུས་དང་ཁྱད་ཆོས་སོགས་ཞིབ་ཏུ་གསུངས་ཤིང་།རང་ཉིད་ཀྱང་སྐུ་ཚེ་གང་བོར་གཟི་ལུས་དང་མི་འབྲལ་བའི་བླ་ཆེན་ཡང་མང་སྟེ།    བཤད་ཚུལ་ཡིན་ན།   མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་སྐུ་ཚེ་གང་བོ་གཟི་ཞགས་དང་མི་འབྲལ་ཞིང་།    རང་གི་སློབ་མ་སྣོད་ལྡན་རྣམས་ལའང་གཟི་རེ་གནང་ནས་བྱིན་རླབས་དང་སྨོན་ལམ་འདེབས་པར་བཤད།   ཉེ་ཆར་གཤེགས་པའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡང་སྐུ་ཚེ་གང་བོར་གཟི་ཞགས་དང་མི་འབྲལ་ཞིང་།   གཞན་ལའང་གཟི་ འདོགས་དགོས་ཀྱི་སྐུལ་འདེད་དང་བཀའ་སློབ་ཀྱང་བསྩལ། ཧ་ལམ་སྤྱི་ལོ་༡༩༩༣་ཡས་མས་ཤིག་ལ།   ང་རང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བླ་མ་རིན་པོ་ཆེ་ཤར་གདོང་ཚང་གི་མདུན་ནས་ཟུར་ཁྲིད་བྱེད་ཀྱི་ཡོད་ལ།    ཉིན་ཞིག་ལ་ཁོང་གིས་སྐུ་འདྲ་འགའི་ གཟུངས་གཞུག་འབུལ་བ་ལ་ངས་ཕྱག་རོགས་བྱས་པ་ཡིན། སྐབས་དེར་ངེད་ཀྱི་ལྟ་ཕྱོགས་ཤིག་གིས་བླ་མ་རིན་པོ་ཆེའི་ཕྱག་གཡོན་གྱི་སྲིན་ལག་སྟེང་གསེར་གྱི་མཛུབ་དཀྲིས་ཆུང་ཆུང་ཞིག་བསྣམས་ཡོད་པ་མཐོང་ནས།   ངའི་སེམས་ལ་བླ་མ་རིན་པོ་ཆེ་དགེ་སློང་གི་རྟེན་ཡིན་པས་། དེ་ཅི་ཡིན་སྙམ་པ་དང་།དོགས་པ་དེ་སེལ་བའི་ཆེད་འཕྲལ་དུ་དེའི་སྐོར་བཀའ་འདྲི་ཞུས་པ་ན།    ཁོང་ན་རེ།    སྤྱིར་དགེ་སློང་གིས་རིན་པོ་ཆེའི་རིགས་རེག་མི་བྱ་ཞེས་འདུལ་བ་ལས་གསུངས་ཡོད་པ་རེད། འོན་ཀྱང་། ངའི་མཛུབ་དཀྲིས་འདི་ནི་ལུས་སྲུང་ཡིན་པ་ལས་རྒྱན་ཆ་མིན།   འདི་ལ་ལོ་རྒྱུས་ཐུང་ཐུང་ཞིག་མཆིས་པ་འདི་ལྟར། དེ་སྔོན་ང་པེ་ཅིན་གྱི་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་བྱེད་སྐབས། འབྲུག་པ་རྒྱལ་པོའི་དབུ་བླ།   རྙིང་མ་བའི་བསྟན་པའི་བདག་པོ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཚང་པཎ་ཆེན་རིན་པོ་ཆེ་ཚང་ལ་མཇལ་བར་པེ་ཅིན་དུ་ཕེབས་པས། ངས་ཀྱང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་མཇལ་དུ་སོང་བ་ཡིན།   གསུང་གླེང་མང་དུ་བྱས་པའི་མཐར་ཁོང་གི་ཞལ་ནས། དེང་སང་ཁྱེད་རང་ལྟ་བུ་མཁས་ཆེན་བཞེས་པའི་བླ་མ་ཧ་ཅང་དཀོན་པོར་འདུག    སྐྱེས་པུ་དམ་པ་རྣམས་ཀྱི་སྐུ་ཚེ་རིང་ན་སེམས་ཅན་མང་པོ་ཞིག་གི་དོན་མཛད་ཐུབ་པས། རྣམ་རྟོག་མི་བྱེད་པར་ལུས་སྲུང་བའི་ཕྱིར་དུ་ལུས་ལ་གཟིའམ་གསེར་གང་རུང་ཞིག་ཐོགས་དང་ཕན་ནུས་ཤིན་ཏུ་ཆེ་བ་རེད།    ཅེས་བཀའ་སློབ་གནང་བྱུང་། གཟི་ནི་རིན་ཐང་ཆེ་ལ་ལག་སོན་ཡང་དཀའ་བས་གསེར་གྱི་མཛུབ་དཀྲིས་འདི་བསྣམས་པ་ཡིན་ཞེས་གསུངས།   གོང་གི་ནང་དོན་རྡོག་རྡོག་དེ་ལས་ང་ཚོས་གསལ་བོར་ངེས་ཐུབ་པ་ཞིག་ནི།    མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་པའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་སྐྱབས་རྗེ་བླ་མ་ཤར་གདོང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཀྱང་གཟི་ལ་འདི་ལྟ་བུ་གཙིགས་ཆེན་བྱེད་པ་ལ་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་སྨོས་མ་དགོས་སོ།།
     དེས་ན་གོང་འཁོད་ཀྱི་ནང་དོན་དེ་དག་ལས་གཟི་ནི་སྤྱིར་བཏང་གི་དངོས་པོ་ཞིག་མིན་པ་རྟོགས་ཐུབ་ལ།   ཡང་སྙིང་ཅི་ཞིག་ཡིན་པ་ཤེས་མཁན་ཧ་ཅང་དཀོན།    གཟི་འཚོང་ཚེ་གང་བོར་རྒྱག་པའི་ཚོང་དཔོན་ཚོས་ཀྱང་གཟིའི་ཕན་ནུས་བརྗོད་ཡུལ་འདས་ཞེས་ཁ་ནས་སྨྲ་བ་མ་གཏོགས་དོན་ཤེས་མཁན་ཤིན་ཏུ་ཉུང་ང་ོ།།     འོ་ན་དོན་དངོས་གཟི་ནི་ཅི་ཞིག་ཡིན་ནམ་ཞེ་ན།     ཡིད་བཞིན་གྱི་ནོར་བུ་བྱ་བ་དེའོ།།     དེའི་མིང་གཞན་ལ་བསམ་འཕེལ་ནོར་བུ་དང་།    ཙིནྟ་མ་ཎི།    དགོས་འདོད་ཀུན་འབྱུང་།ཡིད་བཞིན་དབང་རྒྱལ་བཅས་ཀྱང་བྱའོ།།   དེ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་སོ།།
   གཟི་ནི་ཡིད་བཞིན་གྱི་ནོར་བུ་ཡིན་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། ལར་ཡིད་བཞིན་གྱི་ནོར་བུ་ལ་རིགས་གསུམ་ཡོད་དེ།ལྷའི་ནོར་བུ་དང་། མིའི་ནོར་བུ་དང་། བྱང་ཆུབ་སེམས་དཔའི་ནོར་བུ་བཅས་གསུམ་མོ།། དེ་གསུམ་ལས་ལྷའི་ནོར་བུ་བྱ་བ་ལའང་ནང་གསེས་སུ་གསུམ་སྟེ།  ལྷ་དང་།ལྷ་མིན།  ཀླུ་བཅས་གསུམ་མཆིས་པ་ལ་བཻ་ཊུ་རྱ་ནི་ཀླུའི་ཡིད་བཞིན་ནོར་བུ་དང་། གཟི་ནི་ལྷའི་ཡིད་བཞིན་ནོར་བུ་ཡིན་ཞེས་བཤད།   དེའུ་དམར་དགེ་བཤེས་ཀྱིས་ཡིད་བཞིན་ནོར་བུ་ལ་མིག་བདུན་ཙམ་ཡོད་པར་བཤད་པའང་དོན་དུ་གཟིའི་སྟེང་གི་ཆུ་མིག་ལ་གོ་དགོས་སོ།། ༼པདྨ་བཀའ་ཐང༽་ལས།དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྡུལ་གྱིས་བཀྲུས་བཤད་དར་གྱི་ལྡིང་ཁུག་བཅུག   །རྒྱལ་
མཚན་རྩེར་བཏགས་མཆོད་ཕུལ་སྨོན་ལམ་བཏབ།   །ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ལྟར།  །ཞེས་པ་དང་།     གཡེར་གཤོང་མཁན་ཆེན་ནོ་མུ་ཧན་གྱི་ཞལ་ནས།    བསམ་འཕེལ་དབང་རྒྱལ་རྒྱལ་མཚན་རྩེར།      །མངོན་མཆོད་དགོས་འདོད་ཆར་དུ་འབེབས།   །ཞེས་པའི་དོན་ནི་གཟི་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པའི་རྒྱུ་མཚན་གཙོ་བོ་ཞིག་སྟེ།   སྔོན་བོད་ཀྱི་རྒྱལ་མཚན་དངོས་ནི་ཕྱ་དར་ཡིན་ཞེས་བཤད་ཅིང་། དེང་གི་དགོན་པ་རྣམས་སུ་ཡོད་པའི་རྒྱལ་མཚན་གདུགས་བརྩེགས་མའི་དབྱིབས་འདི་ནི་རྒྱ་ནག་གི་ཤན་ཞུགས་པ་ཡིན་ལ།    བོད་ལུགས་ཀྱི་རྒྱལ་མཚན་དངོས་ནི་འཕྱར་དར་རམ་དར་ཕྱྭ་ཡིན་ཞེས་འཇུ་མི་ཕམ་རིན་པོ་ཆེའི་སྙན་འགྲེལ་དུ་གསལ་བས་ཡིད་མི་ཆེས་ན་དེར་གཟིགས་པར་ཞུ།དེས་ན་དར་ཕྱྭའམ་གཡང་དར་ནི་གཡང་དར་རམ་གཡང་མདའ་ལ་གོ་ཞིང་།   གཡང་དར་གྱི་རྩེར་གཟི་བཏགས་ནས་གཡང་འགུགས་བྱེད་པའི་སྲོལ་དང་།   དཔེ་རྙིང་རྣམས་སུ་རྒྱལ་མཚན་གྱི་རྩེར་ཡིད་བཞིན་གྱི་ནོར་བུ་བཏགས་པའི་ཆོ་ག་གཉིས་བཤད་སྲོལ་མ་འདྲ་བ་ཙམ་ལས་དོན་དུ་གཅིག་ཡིན་པ་ཤིན་ཏུ་གསལ་ཏེ།    དུང་དཀར་རིན་པོ་ཆེའི་༼ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན༽་ལས། གཡང་སྒྲུབ་ཟེར་བ་ནི། མི་བསོད་ནམས་དབང་ཐང་ཡོད་པ་དེ་ཚོའི་བསོད་ནམས་དང་དབང་ཐང་ཚུར་འགུགས་པའི་ཐབས་ཤིག་ཡིན་ཟེར།   དེ་ནི་ལུག་དཀར་རྐྱང་ཞིག་གི་ལག་གཡས་པའི་ཤ་དར་ཚོན་སྣ་ལྔའི་ནང་སྒྲིལ་བཞག་པ་ཞིག་དང་། གོས་ཆེན་ཚོས་གཞི་མི་འདྲ་བ་ལྔ་དང་། གཟི།བྱུ་རུ། སྤོས་ཤེལ། འགྲོན་བུ།  མེ་ལོང་བཅས་ཀྱིས་བརྒྱན་པའི་འཁྱེར་བའི་མི་གཅིག་གིས་ཁང་ཁྱིམ་གྱི་ཐོག་རྩེ་ནས་ཕྱྭ་འགུགས་གཡང་འགུགས་ཞེས་ཕྱག་རྒྱ་དང་བཅས་སྐད་རྒྱག་སྲོལ་ཡོད་ཅིང་།  སྤྱིར་ན་ལོ་ལྟར་སྟོན་ཁའི་འབྲུ་རིགས་བསྡུ་བའི་སྐབས་སུ་གཡང་སྒྲུབ་ཅེས་དེ་ལྟར་བྱེད་སྲོལ་ཡོད་པ་དེ་ནི་མི་ཚང་དེ་རྒྱུ་སྟོབས་ཆེན་པོ་དང་བསོད་ནམས་ཆེན་པོ་ཡོང་ཆེད་ཡིན་ཟེར།  གོང་གསལ་ལུགས་སྲོལ་དེ་དག་ཚང་མ་བོན་གྱི་ལུགས་སྲོལ་ཡིན། ཞེས་པ་འདི་ལས་ཤེས་ཐུབ་ཅིང་།
གོང་དུ་བཤད་པའི་དར་གྱི་ལྡིང་ཁུག་ནི་ཕྱི་མའི་ནང་དོན་ལས་གོས་ཆེན་ཚོས་གཞི་མི་འདྲ་བ་ལྔ་སྟེ། དར་ཚོན་སྣ་ལྔ་བྱ་བ་དེ་ཡིན་ཞིང་། རྒྱལ་མཚན་གྱི་རྩེར་བསམ་འཕེལ་ནོར་བུ་བཏགས་པ་དང་ཕྱྭ་དར་གྱི་སྟེང་ལ་གཟི་གཙོ་བོར་བཏགས་པ་གཉིས་ཀྱང་དོན་མཚུངས་སོ །།
        མངོན་མཆོད་ཅེས་པ་ནི། ཁང་ཁྱིམ་གྱི་ཐོག་ནས་ཕྱྭ་འགུགས་གཡང་སྒྲུབ་བྱེད་པའི་དོན་ཡིན་པ་སོགས་ཕྱོགས་གང་ནས་དཔྱད་ཀྱང་དེ་གཉིས་གཅིག་ཡིན་པ་མངོན་གསལ་རེད།  ༼མགོན་པོའི་ཚོམས༽་ལས། རྣམ་པར་རྒྱལ་བའི་ཁང་བཟང་ནང་།  ནོར་བུ་གཟི་འབར་ཡོད་པར་བཤད་ཅིང་།  ཡིད་བཞིན་ནོར་བུ་བྱ་བའང་ཡིད་ལ་གང་འདོད་པ་དེ་ལྟར་དུ་འགྲུབ་པའི་རིན་པོ་ཆེ་ཡིན་པས་དེ་ལྟར་ཐོགས་པར་བཤད་ལ།   གཟིའི་ནང་དོན་ཡང་དེ་ལྟར་ཡིན་པས་གཟི་དཔལ་བསྐྱེད་ལྟ་བུ་དང་།གཟི་བྱིན། གཟི་བརྗིད་སོགས་ཀྱི་ནང་དོན་ཡང་དེ་ལྟར་བྱུང་ངོ་།། གཞན་དེ་དག་ལས་ཀྱང་ཆེས་གསལ་བོ་ཞིག་འཁོད་ཡོད་པ་ནི། ཐང་གའི་ངོས་སུ་རྒྱལ་མཚན་བྲིས་ཡོད་པ་དེའི་སྟེང་ལའང་ནོར་བུའི་དོ་ཤལ་འཐེན་ཡོད་པ་དང་།    ༼ནོར་བུ་གཟིའི་རྣམ་བཤད༽་ལས་ཀྱང་།   ནོར་བུ་བསམ་འཕེལ་འདི་ལ་ཟེར།  །ཁྲ་མོ་གླིང་བཞི་འདི་ལ་ཟེར།། འདི་ཉིད་ནོར་བུའི་མཆོག་ཡིན་ནོ།   །ནོར་བུའི་ནོར་ངོ་མ་ཟིན་ན།   །ནོར་བུ་ཆུ་ཁའི་རྡོ་ལེབ་ཡིན།  །ནོར་བུའི་ནོར་ངོ་ཟིན་གྱུར་ན།   །ནོར་བུ་དགོས་འདོད་ཀུན་འབྱུང་ཡིན།    །ཞེས་པ་འདིས་ཡོངས་སུ་རྟོགས་ནུས་སོ།།  དེ་འདྲ་ཡིན་ཕྱིན། ཡིད་བཞིན་ནོར་བུའི་ཕན་ནུས་ཇི་འདྲ་ཡིན་པ་དེ་བཞིན་དུ་གཟིའི་ཕན་ནུས་ཀྱང་དེ་འདྲ་ཡིན་པས། བོད་མི་རིགས་ཀྱིས་གཟི་ལ་དམིགས་བསལ་གྱིས་དགའ་བའི་རྒྱུ་མཚན་ནི་དེ་བཞིན་ནོ།།
  གཞན་གཟི་ནི་ས་བཅུད་ཀྱི་རྫས་གཏེར་གཙོ་བོ་ཡིན་པས།༼བཀའ་ཐང་སྡེ་ལྔ་༽ལས། མ་འོངས་རྒྱལ་རྒྱུད་ནོར་སྐལ་སྦས་ཚུལ་བྱ་བར། བོད་ཀྱི་གནས་ཡུལ་ལྟེ་གནས་འགངས་ཅན་ཁག་ཏུ་ས་བཅུད་མི་ཉམས་པར་ཆེད་དུ། གཟི་གཏེར་མང་པོ་གཏེར་དུ་སྦས་ནས་ས་དགྲའི་གནོད་པ་འགོག་པ་དང་། ཡུལ་ཁམས་རྒྱ་བསྐྱེད་ཀྱི་དབང་སྡུད་མཚན་མའི་རྟགས་མཚན་བཀོད་པ་སོགས་བྱེད་པར་འཁོད་ཡོད་ཅིང་། ༼ཨ་གྲགས་གཟི་རྫོང་༽ལས་ཀྱང་།   རིན་ཆེན་སྣ་ལྔའི་སྒྲོམ་བུ་ནས། །གཟི་གར་བརྒྱ་ལ་ལྷ་དར་བཏགས།    །འདོད་ཁམས་ལྷ་ཡི་གཟི་སྐལ་མཛོད།   །གཟི་ཁམ་ཁྲ་བརྒྱ་ལ་ཀླུ་དར་བཏགས།   །སྔོན་མོ་ཀླུ་ཡི་གཟི་སྐལ་མཛོད།   །བོད་ཀྱི་སྤེན་ནེ་རི་བཀྲ་གཅིག   །རྒྱ་ཡི་གླང་ཆེན་འགྱིང་རི་གཉིས།   །མདོ་སྟོད་རྨ་རྒྱལ་སྤོམ་ར་གསུམ། །དགའ་སྟོད་བྱེ་ལྷ་འབྲོམ་བཙན་བཞི།།གཟི་ཁྲ་ཡག་བརྒྱ་རེ་གཉེར་དུ་གཏད།    །ནོར་བུ་གཟི་ཡི་དངོས་གྲུབ་དེ།    །མ་བརྒྱ་བུ་སྟོང་འཕེལ་བར་ཤོག    །གཟི་ཁྲ་ཡག་གཏེར་ཁ་བོད་ན་ཡོད།    །སྐོས་ཐང་ཅན་གྱིས་རྙེད་པར་ཤོག   །བསོད་ནམས་ཅན་ལ་འཛོམ་པར་ཤོག   །ལས་དབང་ཅན་ལ་འཁོར་བར་ཤོག    །ཅེས་གསལ་ཞིང་།བཤད་རྒྱུན་ལའང་སློབ་དཔོན་རིན་པོ་ཆེས་བོད་ཀྱི་ས་རྡོ་རྩི་ཤིང་ཐམས་ཅད་གསེར་དུ་འགྱུར་བའི་སྨོན་ལམ་བཏབ་ཡོད་ཅིང་།         དེའི་དོན་ནི།    བོད་ཀྱི་ས་རྡོ་དང་རྩྭ་རྩི་ཤིང་རྣམས་རིན་ཆེན་གསེར་དང་མཚུངས་པའི་རིན་ཐང་ཅན་དུ་བྱིན་གྱིས་བརླབས་པ་ཡིན་ཟེར།      དེང་སང་བོད་ཀྱི་མིའི་འཚོ་རྟེན་གཙོ་བོར་གྱུར་བ་ནི་དབྱར་རྩ་དགུན་འབུ་དང་གཟི་གཉིས་ཡིན་ཞིང་།    གཟི་ནི་ས་རྡོའི་རིགས་ཡིན་ལ། དབྱར་རྩྭ་དགུན་ འབུ་ནི་རྩྭ་རྩི་ཤིང་གི་རིགས་ཡིན་པས།   དཔྱོད་ཤེས་པ་ཞིག་གིས་ཞིབ་ཏུ་བསམ་བློ་བཏང་ན་སློབ་དཔོན་གྱི་གསུང་དེ་ནི་ཧ་ཅང་བདེན་པར་སྣང་ཡང་། དེ་ལྟར་དུ་བཤད་ན་ལ་ལས་ང་ཆོས་ལུགས་ཀྱི་མིག་གིས་ལྡོངས་པ་རེད་ཟེར་བར་འཇིགས་ནས་རེ་ཞིག་འདི་ཙམ་བགྱིས་སོ།།
           གཉིས་པ།      གཟིའི་ཕན་ནུས་བྱེ་བྲག་ཏུ་བཤད་པ།
   གཟིའི་ཕན་ནུས་བྱེ་བྲག་ཏུ་བཤད་པ་བྱ་བ་ནི།གཟིའི་རིགས་མི་འདྲ་བ་རེ་རེའི་ཕན་ནུས་བརྗོད་པ་ལ་ཟེར་ཞིང་། སྤྱིར་ན་གཟིའི་རིགས་མི་འདྲ་བ་བགྲང་གིས་མི་ལང་བ་ཡོད་པས་མཐའ་གཅིག་ཏུ་གཟི་ཡོད་ཚད་ཀྱི་ཕན་ནུས་འདི་འདྲ་རེད་ཅེས་བཤད་དཀའ་ལ།  སྒོས་སུ་མཁས་དབང་དམ་པ་འགའི་ཞལ་ནས།     རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་རྣམས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་ཐུགས་བསྐྱེད་བླ་ན་མེད་པའི་ཁྱད་པར་གྱིས་སེམས་མེད་བེམ་པོ་ནོར་བུའི་རྣམ་པས་ཀྱང་འགྲོ་ལ་ཕན་པར་བཞེད་པས་ན།     གཟི་འདིའང་གང་ཅིར་ཕན་རླབས་ཤིན་ཏུ་ཆེ་བར་བལྟས་ན་དེ་འདྲའི་རིགས་སུ་གཏོགས་པ་ཞིག་མིན་ནམ་སྙམ་མོ།།        ཞེས་པར་ལྟར་འཇིག་རྟེན་ཐུན་མོང་ཡོངས་གྲགས་ཀྱི་གནས་ལུགས་བཞིན་སྤྱི་དོན་ཞིག་འདིར་འགོད་བསམ་པ་ལས་གཟིའི་གསང་བའི་གནས་ལུགས་ཡོད་ཚད་ནི་སུས་ཀྱང་བཤད་དཀའ་འོ།།
    ༡  དཀར་ཁྲ་མེན་ནི། ༼གསོ་རིག་འབུམ་བཞི༽་དང་༼རྒྱུད་བཞི༽་གཉིས་ཀྱི་ནང་ལ་གཟའ་ནད་དང་གདོན་ནད་ལ་ཤིན་ཏུ་ཕན་ཞེས་འཁོད་ཡོད། ཁང་གསར་བསྟན་པའི་དབང་ཕྱུག་གི་༼རིན་པོ་ཆེའི་རྣམ་བཤད༽་དང་། དེའུ་དམར་གྱི་༼ཤེལ་གོང་ཤེལ་ཕྲེང༽་ལས། ཁྲ་མེན་གཟའ་ནད་ལ་སོགས་གདོན་ཀུན་སེལ།   རྔ་ཡབ་གླིང་ནས་ཤང་ཤང་ཉིད་ཀྱིས་ཁྱེར།  ཨོ་རྒྱན་མཁའ་འགྲོའི་གནས་ནས་ཚོང་སྤྲད་པའི།      ད་ལྟ་དཀར་གྱི་ཁྲ་མེན་ཞེས་སུ་བརྗོད།    སྔོ་ལྗང་དམར་སེར་འདྲེས་པ་མིག་གིས་བརྒྱན།      ཕྲ་ཞིང་མཛེས་ལ་འཇམ་འབྲེལ་འདྲ་ན་མཛེས།    འདི་ནི་ཆུ་ལས་བྱུང་བའི་ནོར་བུ་ཡིན།  ཞེས་གསུངས་པ་ལྟར་རིན་པོ་ཆེ་གཟི་མཆོང་གང་གིས་ཀྱང་བཀྲག་མདངས་དང་འཇམ་མདངས་སོགས་གཞལ་དུ་མེད་པ་ཞིག་ཡིན་པས།  འདི་ནི་སྟེང་གདོན་དང་བར་གདོན་འོག་གདོན་གཟའ་ཀླུའི་གནོད་པ་ཀུན་ལས་སྲུང་བའི་ནོར་བུ་ཡིན་ནོ།།  ཞེས་གསལ།
    ༢   གཟི་ཁྲ་མེན་སྟག་མོའི་མཆེ་བ། འདི་ནི་གོང་དུ་བཤད་པའི་དཀར་ཁྲ་མེན་གྱི་རི་མོ་འདྲ་བ་ཞིག་ཡིན་ཀྱང་།      བཀྲག་མདངས་དཀར་ཁྲ་མེན་གྱི་མདངས་ལྟ་བུ་ཞིག་མེད།   རི་མོ་ནག་པོ་རྩ་རྟིང་གཤིབ་པའི་བར་ལ་དཀར་པོ་སྟག་མོའི་མཆེ་བ་བཀྲམས་པ་ལྟ་བུ་དོད་པ་དེའོ།།     འདི་ནི་གཟི་ཁྲ་མེན་ནོར་གྱི་བང་མཛོད་ཟེར།        ཡུལ་ཤུལ་གྱི་ས་ཆ་ལ་ལར་དཀར་ཁྲ་མེན་གཟི་ལས་དགུ་སྐོར་ཡིན།    ཞེས་བཤད་ཚུལ་འདུག་ལ། དེ་སྔོན་ངས་དེའི་ནང་དོན་སྨན་གཞུང་གི་སྡེབ་སྦྱོར་སྐབས་ཀྱི་དོན་ཞིག་རེད་བསམ་ཡང་ད་ལྟ་འདང་རྒྱབ་ན་འདི་ལ་དགོངས་པ་འདྲ།    འདིའི་ནང་ལ་སྤུ་ཤད་ཀྱི་མིག་རིས་མང་ན་བཟང་།  ཞེསགསལ།   
   ༣  གནམ་ས་ཁ་སྤྲོད་ནི། མགོ་ལོག་གི་ས་ཆ་ལ་ལར་གཡང་གཟི་བང་སྒོ་ཡང་ཟེར་ལ། སྒྲུང་ནང་དུ་འཛམ་གླིང་གཡས་བཞག་དང་།གནམ་ས་གཞི་གྲུབ་བཅས་ཀྱང་ཟེར།  འདིའི་ཕྱོགས་གཅིག་ལ་གནམ་འཁོར་ལོ་རྩིབས་བརྒྱད་མཚོན་པའི་སྐོར་ཐིག་ཅིག་དང་།  ཡང་ཕྱོགས་གཅིག་ལ་ས་གྲུ་བཞི་པདྨ་འདབ་བརྒྱད་མཚོན་པའི་གྲུ་བཞིའི་རི་མོ་ཞིག་ཡོད། རི་མོ་འདི་གཉིས་ནི་གསང་སྔགས་ཀྱི་ནང་དུ་ཐབས་དང་ཤེས་རབ་ཀྱི་མཚོན་དོན་ཡིན་ལ། འཇིག་རྟེན་ཐུན་མོང་གི་སྣང་ངོར་ཕོ་མོའི་མཚོན་བྱེད་ཡིན་པར་བཤད།    འཛམ་གླིང་གཡས་བཞག་ཅེས་པ་ནི་འདིའི་རིན་ཐང་ལ་འཛམ་གླིང་གི་རྒྱུ་ནོར་ཕྱེད་ཀ་སྤྲད་དགོས་ཞེས་བཤད་སྲོལ་ཡོད་པས་དེ་ལྟར་ཐོགས། ཡུལ་ཤུལ་གྱི་ཚེ་བྷ་སྤྲུལ་སྐུས་བཤད་ན།  གནམ་ས་གཞི་གྲུབ་འདི་འཆང་ན་བཟའ་ཚང་ཕན་ཚུན་གྱི་ལོ་རུས་བར་སྐལ་མི་མཐུན་པ་དང་།   ཡང་ན་སྨེ་བ་སྤར་ཁ་མི་མཐུན་པའི་རིགས་ལ་ཤིན་ཏུ་ཕན་པས།   གལ་ཏེ་དེའི་རིགས་ལ་བཅའ་བ་རིམ་གྲོ་སོགས་ཀྱང་བཅའ་མི་དགོས་ཟེར། ཁང་གསར་ཚང་གིས་འདི་ལོངས་སྤྱོད་དབང་སྡུད་ཀྱི་གཟི་ཡིན་གསུངས། ཡོངས་གྲགས་ཀྱི་བཤད་ཚུལ་ལ་འབྱུང་གཞིའི་གནོད་པ་དང་ལྷག་པར་དུ་ས་དགྲའི་གནོད་པ་ལ་ཕན་པར་བཤད། དཔེར་ན། རྒྱལ་ས་ཕོ་བྲང་ལྟ་བུ་ཞིག་བཟོ་སྐྲུན་བྱེད་ཚེ་ས་དཔྱད་མི་ལེགས་པའི་རིགས་ལ་གཟི་གནམ་ས་གཞི་གྲུབ་འདིས་ལྡོག་ནུས་པས།    གནམ་ས་གཞི་གྲུབ་ལ་འཛམ་གླིང་གཡས་བཞག་ཟེར་བའི་གནད་ཀའང་དེར་ཐུག་གོ།    གང་ལྟར་གཟི་ཐམས་ཅད་ཀྱི་ནང་ནས་གནམ་ས་གཞི་གྲུབ་དང་ཆུ་མིག་དགུ་བ།  ཆུ་མིག་བཅུ་གསུམ།    ཆུ་མིག་ཉེར་བདུན་བཅས་ནི་ཁྱད་པར་དུ་འཕགས་པར་བཤད་དོ།།    གཟི་ཆུ་མིག་ཉེར་བདུན་ཅན་ནི་སྔོན་གུ་གེ་རྒྱལ་པོ་དང་ལ་དྭགས་རྒྱལ་པོ་སོགས་ཀྱིས་འཆང་བ་ཡིན་ཟེར་ཞེས་ཐོས་པ་ལས་ཡིག་ཚང་ནི་མཐོང་མ་མྱོང་ངོ་།།     འདི་ལ་ལོགས་གཅིག་ལ་གནམ་ས་གཉིས་ཀའི་རི་མོ་ཡོད་པ་དང་ཡང་ན་ལོགས་ཕར་ཚུར་ལ་གནམ་སའི་རི་མོ་མཆིས་པ་སོགས་ཅི་རིགས་ཤིག་ཡོད།    དེ་དག་གི་ཕན་ནུས་ལ་ཁྱད་པར་མེད་ཀྱང་རིན་གོང་ལ་ཁྱད་པར་ཡོད།    
   ༤ གཟི་ཆུ་མིག་དགུ་བ་ནི།      གཟི་གཅིག་གི་སྟེང་ལ་ཆུ་མིག་དགུ་ཡོད་པ་ཞིག་ཡིན་ལ།ཆུ་མིག་ཅེས་པ་ནི་མིག་གི་དོན་ནོ།།འདི་ནི་རྒྱལ་འབངས་སྐྱོང་བ་དང་།  སྲིད་ལུགས་སྐྱོང་བར་མཁས་པ། ཆོས་ཀྱི་སྙིང་བོར་རྟོགས་པར་ཡིད་བཞིན་དུ་གྲུབ་པ་སོགས་ལུགས་གཉིས་གང་ལའང་ཕན་པའི་སྨན་ལྟར་ཡིན་ཕྱིན།    རྒྱལ་པོ་དང་རྟོགས་ལྡན་གྱི་རིགས་འཆང་བ་མང་ཞིང་།   ཕན་ནུས་ཀྱང་བརྗོད་ཡུལ་ལས་འདས།     དཔེར་ན།  འདིའི་ནང་དོན་མཚོན་པའི་རྫོགས་ཆེན་ཐེག་པ་རིམ་དགུ་དང་།  བོན་གྱི་ཐེག་པ་རིམ་དགུ།    ཕོ་རྩལ་སྣ་དགུ།    ཤེས་པ་སྣ་དགུ།   གནམ་རིམ་པ་དགུ་བརྩེགས།     ས་འོག་རིམ་པ་དགུ་བརྩེགས།     དགུ་མདུད།   སྲིད་པ་ཆགས་པའི་ལྷ་དགུ། གཡུང་དྲུང་དགུ་བརྩེགས་ཞེས་པ་དང་།  ཡང་ན་ཕོ་བྲང་པོ་ཏ་ལར་ཐོག་བརྩེགས་དགུ་བརྒྱ་དང་གོ་དགུ་ཞེས་དགུ་གསུམ་བརྩེགས་དང་།   ཕ་བོང་ཁ་མ་རུ་སྐུ་མཁར་དགུ་ཐོག      སྲོང་བཙན་སྒམ་པོའོ་བང་སོ་རེའུ་མིག་དགུ་པ། དུར་ལམ་རྫོང་གི་བཙན་པོའི་བང་སོ་དགུ་ཐོག་མ། སྲས་མཁར་དགུ་ཐོག་སོགས་མཐའ་ཡས་པ་ཞིག་ཡོད་པ་དེ་དག་ཚང་མ་གཟི་ཆུ་མིག་དགུ་བ་དང་འབྲེལ་བ་ངེས་ཅན་ཞིག་མཆིས་སོ།།
         ༥ གཟི་དམར་ནི།  འདི་ལ་ཡོངས་གྲགས་སུ་རྣམ་སྲས་གཟི་དམར་ཟེར་ཞིང་། རྣམ་སྲས་ནི་ལོངས་སྤྱོད་དབང་སྡུད་ཀྱི་ལྷ་ཡིན་པས། འདི་ཡང་དེའི་ནུས་པ་མཆིས་པས་དེ་ལྟར་ཐོགས།  ཁ་དོག་ཟངས་ལྟར་དམར་བ་ལ་ནག་མདངས་ཀྱིས་བརྒྱན་པའི་སྟེང་དུ། རི་མོ་རྒྱ་སྐྱེགས་དཀར་པོས་རི་མོ་བྲིས་པ་ལྟ་བུ་ནང་དུ་དོད་མེད་པ།    ཕྱི་རུ་ཚོན་དཀར་གྱིས་བྲིས་པ་ལྟ་བུ་ཞིག་ཡིན།    འདི་ལ་གཟི་དམར་དུང་ཁྲ་དང་།   བྱེའུ་རྗེས་མ།   ཆུ་མིག་ཅན་ཏེ་མི་འདྲ་བ་གསུམ་ཡོད་ཀྱང་།     འདི་ནི་གཟི་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་གཟི་དམར་རྒོད་མ་དགུ་རིན་ཟེར།   ལྷ་སའི་སེ་ར་དགོན་པའི་རྟེན་ནང་དུ། གཟི་ཕོར་ཞིག་ཡོད་ཅེས་ཕུར་ལྕོག་རིན་པོ་ཆེས་གསུངས་ཡོད།སྤྱིར་ན་བོད་ལ་གཟི་དམར་ཅུང་ཟད་ཉུང་ཡང་།     ཉེ་ཆར་དུར་ལམ་རྫོང་སོགས་བོད་ཡུལ་དང་ལི་ཡུལ་སོགས་ནས་ཐོན་པ་མང་དུ་མཐོང་བར་བརྟགས་ན་གནའ་དུས་མང་དུ་ཡོད་པར་གསལ།   གཞན་ལི་ཡུལ་དང་།  ཁ་ཆེའི་ཡུལ།  ཨུ་རྒྱན་ཡུལ་སོགས་ནས་ཀྱང་མང་དུ་འབྱུང་གིན་ཡོད་པ་དེ་རྣམས་ཀྱི་རི་མོ་དང་བཟོ་དབྱིབས་འདྲ་མི་འདྲ་ཧ་ཅང་མང་ངོ་།། 
   ༦    གཟི་ཁྲ་ཆུང་མིག་ཅན་ནི། འདི་ལ་ཆུ་མིག་གཅིག་ནས་བཅུ་གཉིས་བར་ཡོད།  དབྱིབས་ཀྱང་ཟུར་གསུམ་ཟུར་གཉིས་ཟུར་བརྒྱད་སོགས་མང་པོ་ཡོད།   ཆུ་མིག་ལ་ཆ་ཡ་མེད་ན་བཟང་། བཀྲག་མདངས་གང་ཡོད་དང་འཇམ་མདངས་ཇི་ལྟར་ཡོད་ན་བཟང་བ་དང་།    ནང་ལ་སྤུ་ཤད་ཀྱི་མིག་རིས་ཇི་ལྟར་མང་ན་བཟང་བ་ལས་གཞན་བཤད་པ་མེད།   འདི་དག་ནི་གྲིབ་རིགས་འགོ་བའི་ནད་ལ་ཤིན་ཏུ་ཕན།།      
   གཟི་ཁྲབ་ནི།  འདི་ཡོངས་གྲགས་ཀྱི་བཤད་ཚུལ་ལ། ཕོ་གསར་དཔའ་བོའི་རིགས་བཏགས་ན་གཡུལ་ལས་རྒྱལ་བའི་ནུས་པ་བསྐྱེད་ཅིང་།   དེ་ལ་བརྟེན་ནས་དམག་དཔོན་དང་བློན་ཆེན་གྱི་གོ་ས་ཐོབ་པར་ངེས་ཞེས་བཤད།    དབྱིན་ཇི་ན་བཞུགས་པའི་བླ་མ་ཨ་དཀོན་ཚང་གི་སྐེ་ན་གཟི་ཁྲབ་ཅིག་ཡོད་པ་དེ་ནི་ནཱ་རོ་པཎ་ཆེན་ནས་བརྒྱུད་པར་བཤད་པས།        དེས་ན་གྲུབ་ཆེན་རྣམས་ཀྱང་དེའི་རིགས་བསྣམས་ན་བཞེད་དོན་འགྲུབ་པ་ལ་མཆོག་ཏུ་བསྔགས་པར་གསལ།  ༼ཨ་གྲགས་གཟི་རྫོང་༽ལས།    གཡུ་སྒམ་མཆོང་གི་སྒྲོམ་བུའི་ནང་།    །གཟི་ཁྲ་ཆེན་ཁྲབ་ཤོག་རི་མོ་ཅན།    །ཡུལ་ལྷ་ཕ་ཁུའི་ངོ་སྐལ་འབུལ།  །དེ་ནས་འཕྲོས་ཀྱི་དང་པོ་ལ།  །ནང་བློན་ཐུལ་ཕྲན་བརྒྱད་ཅུ་ལ།  །བློན་ཆེན་རེ་ལ་བརྒྱ་རེ་གནང་།   །གླིང་རུས་གཟི་རྫོང་ཕབ་གདའ་ཟེར།   །རྒྱལ་ཁག་བཅོ་བརྒྱད་གྲགས་ལེ་ཡོང་།།ཞེས་པ་ལ་བརྟགས་ན་གོང་དུ་བཤད་པའི་བློན་ཆེན་གྱི་དབང་སྡུད་ཡོད་པར་བཤད་པ་དེ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་གསལ་ལོ།།
       གཟི་སྟག་ལོག་ནི།  འདི་ལ་རིགས་མང་ཡང་།  སྟག་རིས་ཅན་ནི།  ༼ཨ་གྲགས་གཟི་རྫོང་༽ལས།   གཟི་སྟག་ཁྲ་སྟག་མོའི་འཛོམས་དྲུག་འདྲ།    །གོང་དཔོན་པོའི་ཕྱག་དེར་འཛོམས་པར་ཤོག  །སྟོང་སྡེ་ཟིལ་གནོན་དབང་སྡུད་ཡོད།     །ཅེས་གསལ་བས། འདི་ཡང་སྡེ་དཔོན་སྐྱོང་བ་སོགས་ལ་ཤིན་ཏུ་ཕན་པར་བཤད།
        གཟི་སྟག་ལོག་ཐིག་ལེ་ཅན་ནི།    འདི་ལའང་ཁྲ་རིང་དང་སྟག་ལོག་གཉི་ཀར་མཆིས་ཀྱང་། མང་ཤས་སྟག་ལོག་ཡིན།    ༼ཨ་གྲགས་གཟི་རྫོང་༽ལས།     གཟི་ཁྲ་ཆུང་གཟིག་མོའི་ཐིག་ལེ་འདྲ།  །སྟག་ཤར་བའི་ཕྱག་དེར་འཛོམས་པར་ཤོག    །དགྲ་ཕ་རོལ་འདུལ་བའི་དབང་སྡུད་ཡོད།   །ཞེས་པ་ལྟར།    སྟག་ཤར་ཕོ་གསར་རྣམས་ཀྱིས་བཏགས་ན་ཕ་རོལ་གྱི་དགྲ་བོ་འཇོམས་པ་ལ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་གསལ།
      གཟི་ཆོས་དུང་། འདི་ལ་ཁ་ཅིག་གིས་གཟི་དུང་ཡིན་ཟེར་ཡང་།   ཡིན་ནའང་།   ༼ནོར་བུ་གཟིའི་རྣམ་བཤད༽་དུ། གཟི་སེར་བོ་ཆོས་དུང་རི་མོ་ཅན།   །སྐྱབས་བླ་མ་རྣམས་ཀྱི་ཆོས་གཟི་ཡིན། །ཕྲིན་ལས་རྒྱས་པའི་རྟེན་ཕུར་ཡིན།   །གཟི་ལ་ལས་བཞིའི་རི་མོ་ཅན།   །སྒྲུབ་པ་པོ་ཡི་སྒྲུབ་རྟེན་ཡིན།   །ལས་བཞི་འགྲུབ་པའི་ནོར་བུ་ཡིན།།ཞེས་འཁོད་པར་དཔྱད་ན་གཟི་དུང་དང་མི་གཅིག་པར་འདོད་དེ།   འདི་ནི་གཟི་རང་ངོས་སུ་དུང་དཀར་གྱི་རི་མོ་ཡོད་པ་ཞིག་ཡིན་པར་གསལ་ལ། 
      གཟི་དུང་ནི། རག་དུང་དང་ཅུང་འདྲ་ཞིང་མདོག་ཅུང་ཁམ་ཁྲ་ཞིག་ཡིན།གང་ལྟར་གཟི་ཆོས་དུང་འདི་ཆོས་ཉམས་ལེན་པ་རྣམས་ཀྱིས་བཅངས་ན་ཞི་རྒྱས་དབང་དྲག་གི་ལས་དོན་འགྲུབ་པར་བཤད་དོ།།ཁང་གསར་རིན་པོ་ཆེའི་༼རིན་པོ་ཆེའི་བཤད་པ༽་ལས།    དཀར་མོ་ཆོས་མཆིང་ཟེར་བ་ནི།   གཞི་དཀར་ཞིང་ཕྱི་གསལ་ནང་གསལ། རིང་ཞིང་མཛེས་པ་ངོས་ལ་རི་མོ་ནོར་བུ་དང་འཁོར་ལོ་ཆོས་དུང་གསུམ་པོ་གང་རུང་ཞིག་གི་མཚན་མ་ཡོད་པ་ནི་དཀར་མོ་ཆོས་མཆིང་ངོ་།།   བསྒྲུབ་བྱ་དེས་དམ་ཆོས་འགྲུབ་པ་ལ་ཕན་པ་ཡོད་དོ།།    ཞེས་པ་དང་དོན་གཅིག་ཡིན་པ་འདྲ་ཡང་།    ཆོས་མཆིང་ཟེར་བ་ནི་ཡུལ་ལུང་གི་སྐད་ཡིན་པ་འདྲ།   དེ་མིན་མཆིང་བུ་ནི་སྤྱིར་ན་ནོར་བུ་ཕལ་བའི་གྲས་སུ་བརྩི་བ་ཡིན་ཡང་།  འདིར་ཕལ་བ་ལ་གོ་མི་འོས་སོ།།
       གཟི་དམར་ལག་རིས་ནི།༼ནོར་བུ་གཟིའི་རྣམ་བཤད༽་ལས།     གཟི་དམར་ལག་པའི་རི་མོ་ཅན།   །མཁས་པ་རྣམས་ཀྱི་བླ་གཟི་ཡིན།    །ཤེས་རབ་རྒྱས་པའི་ནོར་བུ་ཡིན།  །ཞེས་གསལ།འདི་ལ་དཀར་མོ་ལག་གཡས་ཞེས་གཟི་དཀར་ཞིག་ཀྱང་ཡོད་དེ།     ལོགས་ཡས་སྦོམ་ཞིང་ལོགས་ཡས་ཕྲ་བ།     ལ་ཕུག་གི་དབྱིབས་ལྟ་བུ། ནང་ལ་རི་མོ་སྤུ་ཤད་ཀྱི་མིག་རིས་སྣ་ཚོགས་ཡོད་པ་ཞིག་ཡིན།    འདི་ནི་སྡེ་བརྒྱད་སྲུང་ཐུབ་པའི་ནོར་བུ་ཁྱད་པར་ཅན་ཡིན་ཞེས་གྲགས་སོ།།
       གཟི་སྨུག་ཉི་ཟླ་ཅན་ནི།འདི་ལ་ནར་མོ་དང་འཇོང་འཇོང་སོགས་དབྱིབས་མི་འདྲ་བ་དུ་མ་ཞིག་སྣང་ཡང་།        ལ་ལ་ནི་ངོས་གཅིག་ལ་ཉི་ཟླ་གཉིས་ཅན་དང་།      ཁ་ཅིག་ནི།      ངོས་གཅིག་ལ་ཉི་མ་དང་ངོས་གཅིག་ལ་ཟླ་བ།   དེའི་ཟུར་ཞིག་ན་སྐར་མ་ཡོད་པའང་མཆིས། བཤད་ཚུལ་ལ་མི་ཡིན་གྱིས་བཟོས་པ་ཡིན་ཟེར།        མཁས་པ་ལ་ལས་འདི་ནི་མགྲོན་པོའི་དོན་བྱ་འགྲུབ་པའི་རིན་པོ་ཆེ་ཡིན་པས་ལམ་དུ་ཞུགས་ཚེ་གང་གིས་འཆང་ན་ལམ་ཞུགས་ཀྱི་སྐར་མ་ལ་བལྟ་མི་དགོས་པར་བཤད།  ༼ནོར་བུ་གཟིའི་རྣམ་བཤད༽་ལས།    བློན་པོ་རྣམས་ཀྱི་བླ་གཟི་ཡིན།    །དྲན་པ་གསལ་བའི་ནོར་བུ་ཡིན།    །ཞེས་གསལ་བས།   བཙན་པོའི་སྐབས་སུ་ཐོབ་ཐང་ཁྱད་པར་བ་ཞིག་ཡོད་དམ་སྙམ།
       གཟི་ནག་རལ་གྲི་ཅན་ནི།       ལ་ལས་འདི་ལུས་ལ་འཆང་ན་ཤེས་རབ་ཀྱི་དཔལ་བསྐྱེད་པ་དང་། བློ་རིག་རྒྱས་པ་སོགས་ལ་ཕན་ཟེར་ཡང་།༼ནོར་བུ་གཟིའི་རྣམ་བཤད༽་དུ།     གཟི་ནག་རལ་གྲིའི་རི་མོ་ཅན།    །དམག་དཔོན་རྣམས་ཀྱི་སྲུང་གཟི་ཡིན།   །དགྲ་སྡེ་འཇོམས་པའི་ནོར་བུ་ཡིན།།    ཞེས་གསལ་བས།      བཤད་ཚུལ་མི་འདྲ་བ་ཡོད།    དེ་ནི་རི་མོ་གཅིག་ཀྱང་ཚོས་གཞི་དམར་ནག་གི་ཁྱད་པར་ཙམ་ཡིན་ནམ་སྙམ་མོ།།
     གཟི་དབྱུག་ཏོ་ཅན་ནི།    ༼ནོར་བུ་གཟིའི་རྣམ་བཤད༽་ལས།     གཟི་ནག་དབྱུག་ཏོའི་རི་མོ་ཅན།   །ཁྲིམས་དཔོན་རྣམས་ཀྱི་ཁྲིམས་གཟི་ཡིན།   །ཞལ་ལྕེ་གཅོད་པའི་ནོར་བུ་ཡིན།   །ཞེས་གསལ།
     གཟི་གཡུང་དྲུང་ཅན་ནི། འདི་ལ་དཀར་ནག་དམར་སྔོ་སོགས་རིགས་བཞི་ཡོད་པར་བཤད་ཅིང་།   གཟི་ནག་གཡུང་དྲུང་ཅན་ནི།    བླ་དཔོན་དང་མི་དཔོན་སོགས་ལུས་ལ་འཆང་ན་སྐུ་ཚེ་བརྟན་ཅིང་བསམ་དོན་འགྲུབ་པར་བཤད་པ་དང་། གཟི་དཀར་གཡུང་དྲུང་ཅན་ནི། བྱིས་པ་དང་བུ་མོ་སོགས་འཆང་ན་ཕན་ནུས་གོང་ལྟར་དང་།    གཟི་སྔོན་གཡུང་དྲུང་ཅན་ནི།    ༼ནོར་བུ་གཟིའི་རྣམ་བཤད༽་ལས།གཟི་སྔོན་གཡུང་དྲུང་རི་མོ་ཅན།   །བོན་པོ་རྣམས་ཀྱི་བླ་གཟི་ཡིན།   །མོ་དང་རྩིས་ཀྱི་ནོར་བུ་ཡིན།  །ཞེས་གསལ།   གཟི་དམར་གཡུང་དྲུང་ཅན་ཡང་ཧ་ལམ་གོང་དང་མཚུངས་སམ་སྙམ་པ་ལས་ཞིབ་ཏུ་མ་ངེས་སོ།།
        གཟི་སྨུག་ཆོས་འབྱུང་ཅན་ནི།  འདི་ནི་ལ་ལས་མཁའ་སྤྱོད་དབང་མོའི་རྒྱན་ཆ་ཡིན་ཟེར། སྒོ་དམར་དཔལ་མཁར་རྒྱལ་གྱིས་བཤད་པ་ཡིན་ན། སྒོ་དམར་གྲུབ་དབང་མཁའ་སྤྱོད་མའི་ཞལ་གཟིགས་སྐབས་རྒྱན་ཆ་རུས་རྒྱན་མིན་པར་གཟི་ཞགས་བཏགས་ཡོད་པར་མཐོང་བར་བཤད།     དེ་སྔོན་ངའི་སེམས་ལ་སྐད་ཆ་དེ་ནི་དམངས་ཁྲོད་ཀྱི་བཤད་ཕྱོགས་ཤིག་ཡིན་པ་ལས་རྒྱུ་མཚན་ཡང་དག་ཅིག་ཡོད་མེད་ཐེ་ཚོམ་སྐྱེས་མྱོང་ཡང་།   ཉེ་ཆར་༼ནོར་བུ་གཟི་རྣམ་བཤད༽་ལས། གཟི་སྨུག་ཆོས་འབྱུང་རི་མོ་ཅན།།མཁའ་འགྲོ་རྣམས་ཀྱི་སྒྲུབ་གཟི་ཡིན།  །དངོས་གྲུབ་མྱུར་བའི་ནོར་བུ་ཡིན། །ཞེས་འཁོད་ཡོད་པ་མཐོང་བས་བཤད་སྟངས་དེ་རང་གར་བརྗོད་པ་ཙམ་མ་ཡིན་པར་ངེས་ཟིན་ཐོབ།      དེར་བལྟས་ན་གཟི་སྨུག་ཆོས་འབྱུང་ཅན་ནི།   དངོས་གནས་མཁའ་འགྲོ་མ་ལ་འབྲེལ་བ་ཡོད་པ་ངེས་པར་དུ་བདེན་ཐག་ཆོད་པ་ཡིན་ཕྱིན།    མཁའ་སྤྱོད་སྒྲུབ་པ་པོ་རྣམས་ལྷག་པར་དུ་དོ་སྣང་བྱེད་དགོས་པ་གལ་ཆེའོ།།
       གཟི་ཕུར་ཅན་ནི། ཁ་ཅིག་གིས་བཤད་ན།   གཟི་ནག་ཕུར་བུ་ནི།   ལུས་ལ་འཆང་ན་རང་ལ་གནོད་པ་བྱས་པའི་དྲག་སྔགས་དང་ངན་སྔགས་ཀྱི་རྫས་སྦྱོར་འགོག་པ་ལ་གོ་ཁྲབ་དང་མཚུངས་ཞེས་བཤད་ཅིང་།  ༼ནོར་བུ་གཟིའི་རྣམ་བཤད༽་ལས། གཟི་དཀར་ཕུར་བུའི་རི་མོ་ཅན།    །མཐུ་བ་རྣམས་ཀྱི་མཐུ་གཟི་ཡིན།  །སྡང་དགྲ་འཇོམས་པའི་ནོར་བུ་ཡིན།   །ཞེས་གསལ།   གང་ལྟར་གཟི་འདིའི་རིགས་ཡི་དམ་ཕུར་བུའི་བྱིན་རླབས་ཞུགས་པའི་རྟེན་འབྲེལ་ཡོད་པས།   ཐོག་མར་ལག་སོན་བྱུང་སྐབས་ཡི་དམ་དེའི་སྐུ་རྟེན་གྱི་མདུན་ལ་ཉིན་ཞག་གསུམ་བཤམས་ཏེ།    གཙང་སྤྲ་བྱས་རྗེས་ཐེ་ཚོམ་མེད་པར་ལུས་ལ་བཏགས་ན་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་ཅེས་ཟེར་རོ།།
        གཟི་ཁྲ་ལྕམ་དཀྲིས་ཅན་ནི། འདི་ལ་དེང་སང་མང་ཤོས་ཀྱིས།    གཟི་སྟག་ལོག་ཟེར། ཁ་དཀྲིས་ཉིས་བརྩེགས་དང་སུམ་བརྩེགས་སོགས་རིགས་མང་།     ༼ཨ་གྲགས་གཟི་རྫོང་༽དུ།   བློན་ཆེན་དང་དམག་དཔོན་རྣམས་ཀྱི་དཔའ་དར་ཡིན་ཚུལ་གྱི་གནས་ཚུལ་ཞིག་བསྟན་ཡོད་ཀྱང་།  ༼ནོར་བུ་གཟིའི་རྣམ་བཤད༽་ལས།      གཟི་ཁྲ་ལྕམ་དཀྲིས་གློག་གར་ཅན།   །ཚོང་དཔོན་རྣམས་ཀྱི་ཚོང་གཟི་ཡིན།    །ཁེ་དང་ཁ་བརྗེའི་ནོར་བུ་ཡིན།     །ཞེས་གསལ།     དེང་སང་གཟི་དམར་ལྕམ་དཀྲིས་འདིའི་རིགས་ཐོ་གར་ཡུལ་ནས་ཐོན་པ་མང་ངོ་།།
          གཟི་དམར་རི་དྭགས་ཅན་ནི།  ༼ནོར་བུ་གཟིའི་རྣམ་བཤད༽་ལས། གཟི་དམར་རི་དྭགས་རི་མོ་ཅན།     །རྔོན་པ་རྣམས་ཀྱི་རྔོན་གཟི་ཡིན།   །ཤ་ལྤགས་འདུ་བའི་ནོར་བུ་ཡིན།   །ཞེས་གསལ།
         གཟི་ཁམ་སེར་སྟག་རིས་ཅན་ནི། ནག་ཁྲ་ནི་གོང་དུ་བཤད་པའི་ལྕམ་དཀྲིས་ཀྱི་རིགས་དང་དོན་འདྲ། ཁམ་སེར་སྟག་རིས་ནི།   ༼ནོར་བུ་གཟིའི་རྣམ་བཤད༽་ལས།        ཁམ་སེར་སྟག་གི་རི་མོ་ཅན།     སྟག་ཤར་རྣམས་ཀྱི་བླ་གཟི་ཡིན།    དཔའ་རྩལ་འཛོམས་ནོར་བུ་ཡིན།     །བྱ་བ་དང་།གཟི་གཟིག་རིས་ཅན་ནི། སྟག་རིས་དང་གཟིག་རིས་འདི་གཉིས་ནི།   ༼རྙིང་མའི་རྒྱུད་འབུམ༽ནང་དུའང་མང་དུ་གསུངས་ཡོད་པས། དེར་བརྟགས་ན་མན་ངག་རྫས་སྦྱོར་གལ་ཆེན་ཞིག་ཡིན་ནམ་སྙམ་ཡང་། ༼ནོར་བུ་གཟིའི་རྣམ་བཤད༽་ལས།     གཟི་དཀར་གཟིག་གི་རི་མོ་ཅན།    །སྨན་ཤར་རྣམས་ཀྱི་བླ་གཟི་ཡིན།      །ཁྲོམ་ཐག་ཆོད་པའི་ནོར་བུ་ཡིན།   །ཞེས་གསལ་བས།   ད་དུང་བརྟག་དགོས་པར་འདུག
        གཟི་དཀར་ནག་ཅན་ནི།      ད་སྐབས་མང་མང་གིས་འདི་རིགས་ལ་མཆོང་གཟི་ཟེར་ཞིང་། ལུས་ལ་འཆང་ན་དགྲ་ལྷ་འཁོར་ཞེས་ཟེར་ཡང་།   ༼ནོར་བུ་གཟིའི་རྣམ་བཤད༽་ལས།      སོ་དཀར་ནག་འཐབ་པའི་རི་མོ་ཅན།     །ཇག་པ་རྣམས་ཀྱི་ཕྱུར་གཟི་ཡིན།   །ཇག་ར་མདའ་མེད་པའི་ནོར་བུ་ཡིན།ཞེས་གསལ།
       གཟི་དམར་པད་རིས་ཅན་ནི།      ༼ནོར་བུ་གཟིའི་རྣམ་བཤད༽་ལས།    གཟི་དམར་འོ་མའི་པད་རིས་ཅན།   ། མ་སྲུ་རྣམས་ཀྱི་མགུལ་གཟི་ཡིན།    །བུ་གཡང་འཕེལ་བའི་ནོར་བུ་ཡིན།    །ཞེས་གསལ་བས།ཕོ་གསར་རྣམས་ཀྱིས་བཏགས་ན་ཅུང་མི་འཚམ་པ་ཞིག་རེད། དེང་སང་རྒྱུ་མཚན་མ་ཤེས་ཏེ། འདིའི་རིགས་སྐྱེས་པ་ཕོ་ཚང་གིས་བེད་སྤྱོད་པ་མང་ངོ་།།
       གཟི་ཚེ་བུམ་ཁ་སྤྲོད་ནི།       བླ་དཔོན་དང་མི་དཔོན་རྣམས་ཀྱི་བླ་གཟི་ཡིན་ཟེར།   འོན་ཏེ། གཟི་སྨུག་སེར་ཚེ་བུམ་ནི།       ༼ནོར་བུ་གཟིའི་རྣམ་བཤད༽་ལས།    སྨུག་སེར་ཚེ་བུམ་རི་མོ་ཅན།།   བྱིས་པ་རྣམས་ཀྱི་བླ་གཟི་ཡིན།      །ཚེ་ཐག་རིང་བའི་ནོར་བུ་ཡིན།   །ཞེས་གསལ།
        གཟི་འཇའ་སྤྲིན་ཅན་ནི།འདི་གཟི་ཁྲ་གློག་མཆོང་ཡང་ཟེར་ཞིང་།ཆར་སྤྲིན་གྱི་གློག་ཞགས་ཁྲིད་པ་ལྟ་བུ་ནི་སྡེ་བརྒྱད་གློག་མཆོང་ངོ་།།   འདི་ནི་གནམ་དགྲ་ལ་ཕན་ཞེས་གསལ།     ༼ནོར་བུ་གཟིའི་རྣམ་བཤད༽་ལས།     སྔོ་དཀར་འཇའ་སྤྲིན་རི་མོ་ཅན།      །མཐོ་བ་གནམ་གྱི་རྟེན་གཟི་ཡིན། །ཆར་ཆུ་སྙོམས་པའི་ནོར་བུ་ཡིན།    །ཞེས་གསལ་བས།   ནག་ཁྲ་དང་སྔོ་ཁྲ་ལ་ཁྱད་པར་ཡོད་སྣང་།
        གཟི་སྔོ་ལྗང་ཅན་ནི། ༼ནོར་བུ་གཟིའི་རྣམ་བཤད༽་ལས།  སྔོ་ལྗང་རྩི་ཤིང་རི་མོ་ཅན།དམའ་བ་ས་ཡི་རྟེན་གཟི་ཡིན།    །རྩི་ཐོག་རྒྱས་པའི་ནོར་བུ་ཡིན།     །ཞེས་གསལ།       ལ་ལས་གཟི་སྔོ་ལྗང་འདི།     རིན་ཆེན་དབང་སྡུད་ཀྱི་གཟི་ཡིན་པས།     དེ་ལུས་ལ་འཆང་ན་རིན་པོ་ཆེ་འདྲ་མིན་ལག་ཏུ་འོང་ཡང་ཟེར།     ཡང་ཁ་ཅིག་གིས།    ཆར་འབེབས་ཀྱི་སྒྲུབ་རྫས་གཙོ་བོ་ཡིན་ཕྱིན།ཞིང་ཚིགས་བར་ལ་ཆོས་བསྐོར་དུ་འགྲོ་སྐབས་ལུས་ལ་འཆང་ན་ཆར་ཆུ་མོད་ཀྱང་ཟེར་རོ།།
      འབྲོག་གཟི་ནི།འདི་ལ་ཚེ་དཔལ་དབང་སྡུད་ཀྱང་ཟེར་ལ། ཀླུའི་དངོས་གྲུབ་ཀྱི་ཚུལ་མ་གཏོགས་རང་གར་རྙེད་མི་ཐུབ་ཟེར།    འདི་ནི་མཚོ་ནང་ནས་རྙེད་སྲིད་པར་བཤད།    གསེར་རྟའི་རྒད་པོ་ཀོ་བྷེས་རྙེད་པའི་གཟི་དེ་ཡང་འདིའི་རིགས་ཡིན་པར་ངེས།   ༼ནོར་བུ་གཟིའི་རྣམ་བཤད༽་ལས།       ཕྱེད་དཀར་ཕྱེད་ནག་འབྲོག་གི་གཟི།    །ཕྱུགས་རྒྱུ་འཕེལ་བའི་ནོར་བུ་ཡིན།    །མར་ཆུར་འཕེལ་བའི་གཡང་ནོར་ཡིན།  །ཞེས་གསལ། ཞིང་གཟི་ནི༼ནོར་བུ་གཟིའི་རྣམ་བཤད༽་ལས། ཕྱེད་སེར་ཕྱེད་ནག་ཞིང་བའི་གཟི།།  ཞིང་འབྲུ་རིགས་རྒྱས་པའི་ནོར་བུ་ཡིན།    །བང་བ་མི་སྟོང་གཡང་ནོར་ཡིན། །ཞེས་གསལ།
        གཟི་ནག་སྐེད་དཀར་ནི། ༼ནོར་བུ་གཟིའི་རྣམ་བཤད༽་ལས། གཟི་ནག་སྐེད་དཀྲིས་དཀར་པོ་ཅན།     །བར་ཁམས་བོད་ཀྱི་ཚོང་གཟི་ཡིན།      །ཁེ་དང་སྐྱེད་ཀའི་ནོར་བུ་ཡིན།   །རྒྱ་དཀར་ནག་ནོམ་རྫས་གཡང་གཟི་ཡིན།    །ཞེས་གསལ་པ་ལྟར་ཚོང་བ་ཚོས་འཆང་ན་ཚོང་གཉེར་བྲིན་ཞིང་ཁེ་ཕོག་ཐོབ་ཅིང་།བྱ་བ་ལམ་འགྲོ་ཡོང་བ་ལ་ཤིན་ཏུ་ཕན་པར་བཤད་དོ།།   རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.