སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་གུད་དུ་ཕྱུང་བའི་གཏམ་གདོང་ལྔའི་གད་རྒྱང་།
[ 2011/5/23 18:48:00 | By: ཁྱུང་བྱ་ར་བ། ]
 

༅།། བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་གུད་དུ་ཕྱུང་བའི་

གཏམ་གདོང་ལྔའི་གད་རྒྱང་།    

                                                                   ཁྱུང་ཤེས་རབ།

           མ་རྒྱུད་སྐྱེ་མེད་ཐེག་ལེ་སོགས་བརྡ་སྤྲོད་ཀྱི་མ་ལག་རྒྱ་ཆེ་བ་དང་གཏིང་ཟབ་པ་ཕུགས་ཐག་རིང་བ་སོགས་གྲངས་མང་བ་དེང་སོང་དངོས་སུ་བཞུགས་ཡོད་ཀྱང་རེ་ཞིག་ཟིན་ཏིག་ལྟ་བུ་འདི་ལ་ལྟོས་ནས་འཆད། བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས། ཕོ་གསུམ་མོ་གཉིས་མ་ནིང་གསུམ་ཞེས་དང་། སྒྲ་ནི་དྲག་ཞན་བར་གསུམ་གྱི། ཞེས་པ་ཅུང་ཞིག་སྤྲོས་ན། ཕོ་གསུམ་ཞེས་པ་ཕོའི་རབ་འབྲིང་མཐའ་གསུམ་ལ་གོ  མོ་གཉིས་ཞེས་པ་མོའི་དྲག་ཞན་གཉིས་ལ་གོ མ་ནིང་གསུམ་ཞེས་པ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་དང་གསུམ་ལ་གོ དེ་ལ་གསུམ་མོ། དང་པོ་ཕོའི་རབ་འབྲིང་མཐའ་གསུམ་ཞེས་པའི་རབ་ལ་རབ་འབྲིང་མཐའ་གསུམ་དང་འབྲིང་ལ་རབ་འབྲིང་མཐའ་གསུམ་དང་མཐའ་མ་ལ་རབ་འབྲིང་མཐའ་གསུམ་ཡོད དང་པོ་རབ་ཀྱི་རབ་ནི། དེ་ཉིད་ལས། དེ་ཡང་དྲག་པོ་སུམ་ལྡན་དཔེར། སྔོན་མིང་ཕོ་ཡིག་གཉིས་གཞིར་བཞག དེ་ལ་སྐྱེས་རབ་ཕོ་གས་ཡིག མཐར་བརྟེན་བཅགས་བཏགས་བཙགས་ལྟ་བུ།  དྲག་པའི་དྲག་པ་ཞེས་སུ་འདོད། ཞེས་པས་སྔོན་འཇུག་དང་མིང་གཞི་གཉིས་ཕོ་ཡིག་ཡིན་དགོས་པ་དང་རྗེས་འཇུག་ག་ལ་ཡང་འཇུག་སས་བརྒྱན་པ་ཞིག་སྟོན་གྱི་ཡོད། དཔེར་ན། ཞབས་བཅགས། མིང་བཏགས། ཆུ་བཙགས། ཅེས་པ་ལྟ་བུ་ལ་གོ གཉིས་པ་རབ་ཀྱི་འབྲིང་ནི། དེ་ཉིད་ལས། ཕོ་མོ་གཉིས་དང་མོ་གཉིས་མཐར། གས་བརྒྱན་དྲག་དང་ཆ་མཐུན་ཏེ། རིམ་བཞིན་དྲག་པའི་འབྲིང་མཐར་ཤེས། ཞེས་པས་འབྲིང་དང་མཐའ་མ་གཉིས་ཁ་བསྟན། དེ་ཡང་ཕོ་མོ་གཉིས་ཞེས་པས་དྲག་པའི་འབྲིང་ལ་རྗེས་འཇུག་ག་དང་ཡང་འཇུག་ས་གཞིར་བཞག་གི་སྟེང་དུ་སྔོན་འཇུག་ཕོ་ཡིན་པ་དང་མིང་གཞི་མོ་ཡིན་པ་བསྟན་གྱི་ཡོད། དཔེར་ན་ཚོགས་བསགས། ཇ་བཤིགས། ཅེས་པ་ལྟ་བུའོ། ཡང་མོ་གཉིས་མཐར། ཞེས་པས། ཡང་རྗེས་གཉིས་གོང་ལྟར་ལ་སྔོན་འཇུག་དང་མིང་གཞི་གཉིས་ཁ་མོ་ཡིན་དགོས་པ་བསྟན། དཔེར་ན། མི་འཇིགས། རྒྱན་འདོགས། ཅེས་པ་ལྟ་བུའོ། སྐྱེས་བུ་འབྲིང་གི་རབ་ནི། དེ་ཉིད་ལས། ཕོ་གཉིས་སྐྱེས་འབྲིང་བས་བརྒྱན་བས། བཅབས་བཏབས་ལྟ་བུ། ཞེས་པས་བསྟན། ཕོ་གཉིས་ཞེས་པས་སྔོན་འཇུག་དང་མིང་གཞི་གཉིས་ཁ་ཕོ་ཡིན་དགོས་པ་དང་། བས་བརྒྱན་ཞེས་པས་རྗེས་འཇུག་བ་ལ་ཡང་འཇུག་སས་བརྒྱན་པ་འཇོག་དགོས། དཔེར་ན་ཉེས་པ་བཅབས། སོན་བཏབས། ཅེས་པ་ལྟ་བུའོ། སྐྱེས་བུ་འབྲིང་གི་འབྲིང་ནི། དེ་ཉིད་ལས། དྲག་པའི་འབྲིང་། ཕོ་མོ་གཉིས་དང་མོ་གཉིས་མཐར། བས་བརྒྱན་དྲག་འབྲིང་ཆ་མཚུངས་བཞེད། ཅེས་པས་བསྟན། ཕོ་མོ་གཉིས་དང་ཞེས་པས། དང་པོ་སྔོན་འཇུག་ཕོ་དང་མིང་གཞི་མོ་ཡིན་པ་བསྟན། མོ་གཉིས་ཞེས་པས། སྔོན་འཇུག་མོ་དང་མིང་གཞི་མོ་ཡིན་པ་གསུང་།  བས་བརྒྱན་དྲག་འབྲིང་ཆ་མཚུངས་བཞེད་ཅེས་པས།  སྔོན་མིང་ཕོའི་རྗེས་སུ་རྗེས་འཇུག་བ་དང་ཡང་འཇུག་སས་བརྒྱན་ཚེ་དྲག་པར་འགྱུར་བ་དང་། ཡང་སྔོན་མིང་ཕོ་མོ་གཉིས་ཀྱི་རྗེས་སུ་རྗེས་འཇུག་བ་དང་ཡང་འཇུག་སས་བརྒྱན་ཚེ་འབྲིང་དང་།  སྔོན་མིང་མོའི་རྗེས་སུ་བ་ཡང་འཇུག་ཅན་དུ་ཞུགས་ཚེ་མཐའ་མར་འགྲོ་བ་དེ་བསྟན་ནོ། དཔེར་བརྗོད་གོ་རིམ་ལྟར་བསྒྲིགས་ན། རྟ་ལ་བཅིབས།  མཉམ་དུ་བསྡེབས།  གསོལ་བ་འདེབས། ཞེས་པ་ལྟ་བུའོ། དེ་ཉིད་ལས་། སྐྱེས་ཐ་ག་བ་ད་ས་སྦྱར། བཀག་བཏབ་བཅད་བཀས་དྲག་པའི་ཞན། ཕོ་མོ་གཉིས་དང་མོ་གཉིས་མཐར། སྐྱེས་མཐས་བརྒྱན་ཚེ་ཞན་ཆ་མཚུངས། ཞེས་པས། སྔོན་མིང་ཕོའི་རྗེས་སུ་སྐྱེས་ཐས་བརྒྱན་པ་དང་། སྔོན་མིང་ཕོ་མོ་གཉིས་ཀྱི་རྗེས་སུ་སྐྱེས་ཐས་བརྒྱན་པ་དང་། སྔོན་མིང་མོའི་རྗེས་སུ་སྐྱེས་ཐས་བརྒྱན་པ་དང་གསུམ་བསྟན་པ་ཡིན། དེ་ཡང་སྐྱེས་ཐ་ཞེས་པ་རྗེས་འཇུག་ག་བ་ཡང་འཇུག་མེད་པ་དང་ད་སའི་མཐའ་ཅན་རྣམས་ལ་གོ དཔེར་ན། མཚམས་བཅད། ས་ལ་འདུག མེ་ཏོག་གི་འདབ། ཅེས་པ་ལྟ་བུའོ། གཉིས་པ་ཞན་པའི་དྲག་པ་ནི།  དེ་ཉིད་ལས། ངས་མས་བརྒྱན་པའི་མོ་གསུམ་ནི། འགམས་འབངས་འཛངས་ལྟར་ཞན་པའི་དྲག ཕོ་མོ་གཉིས་དང་ཕྲད་སོགས་འགྲེ། ཞེས་པས། སྔོན་མིང་ཕོའི་རྗེས་སུ་ང་མ་ཡང་འཇུག་ཅན་དང་། སྔོན་མིང་ཕོ་མོ་ཟུང་གི་རྗེས་སུ་ང་མ་ཡང་འཇུག་ཅན་དང་། སྔོན་མིང་མོའི་རྗེས་སུ་ང་མ་ཡང་འཇུག་ཅན་དང་གསུམ་བསྟན། དཔེ་རིམ་བཞིན། སྐུ་བལྟམས། སྤོས་ཀྱིས་བསངས། སྣོད་འགེངས། ཞེས་པ་ལྟ་བུའོ།  མོའི་ཞན་པ་ནི། དེ་ཉིད་ལས། ང་མ་འ་བརྟེན་ཤིན་ཏུ་མོ། གསུམ་འཕྲད་མཉམ་མནམ་མངའ་མནའ་ལྟར། ཞན་པའི་ཞན་དང་། ཞེས་པས། དེ་ལ་ཡང་སྔོན་མིང་ཕོ་ཡིན་པ་དང་། སྔོན་མིང་ཕོ་མོ་ཟུང་བྱས་པ་དང། སྔོན་མིང་མོ་གཉིས་བཞག་པ་དང་གསུམ་གྱི་མཐར་ཡང་འཇུག་མེད་པའི་མཐའ་བརྟེན་ང་མ་འ་གསུམ་གྱིས་བརྒྱན་པ་ཞིག་དགོས།  དཔེ་རིམ་པ་ལྟར། ཇ་བཏུང་། འགྲོ་བསམ། གདན་འདིང་། ཡང་ཆ་མཉམ། དྲི་མནམ། ཡོན་ཏན་མངའ། མནའ་སྐྱེལ་ཞེས་པ་ལྟ་བུའོ། གསུམ་པ་མ་ནིང་གསུམ་ཞེས་པ་ནི། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་དང་གསུམ་ལ་གོ དེ་ཉིད་ལས། ཕོ་ཡིག་གཉིས། མཐའ་བརྟེན་མ་ནིང་ན་ར་ལ། གང་རུང་དང་ནི་མ་ནིང་གཅིག རྗེས་འཇུག་མ་ནིང་ཡང་འཇུག་བཅས། བརྟེས་པས་བཀན་བཅར་བཙལ་དང་ནི། མ་ནིང་ཁནད་ཆལད་ཐལད་ལྟ་བུ། དྲག་དང་འཕྲད་པས་དྲག་པར་འགྱུར། མོ་ཡིག་གཉིས་ལ་རྗེས་འཇུག་ནི། མ་ནིང་གསུམ་པོ་གང་རུང་བརྟེན། འདན་འབར་འགལ་ལྟར་ཞན་ཕྲད་ཞན། དེ་གཉིས་འགྱུར་བ་མ་ནིང་བརྗོད། ཞེས་པའི་དཔེ་རིམ་བཞིན་དུ། ལག་བཀན། ཤིག་བཅར། བདེན་གྲུབ་བཙལ། ཡང་རྟ་ཞིག་ཁནད། སྒོ་ང་ཆོརད། རྩོད་གྲྭར་ཐལད། ཡང་འདན་མ། མེ་འབར། ཡར་འགལ། ཞེས་པ་ལྟ་བུ་མང་ངོ་། མཚན་གཉིས་མ་ནིང་ནི། དེ་ཉིད་ལས། མོ་ཡིག་གཉིས་ལ་མ་ནིང་གང་། ཡང་འཇུག་བཅས་ཞུགས་འགནད་འདརད་འཇལད། ལྟ་བུ་མཚན་གཉིས་མ་ནིང་གྲགས། ཞེས་པའི་དཔེ་རིམ་པ་ལྟར། འགནད་ཁུར། ལུས་འདརད། བྲེ་ལ་འཇལད། ཅེས་པ་ལྟ་བུ་ཡིན་ནམ་སྙམ། མཚན་མེད་མ་ནིང་ནི། དེ་ཉིད་ལས། མ་ནིང་མིང་མཐར་མ་ནིང་གང་། ཁན་ཐལ་ཕལ་ལྟར་དྲག་ཞན་གང་། མི་འགྱུར་མཚན་མེད་མ་ནིང་ངོ་། ཞེས་པའི་དཔེ་ནི། ཁན་ད། ཐལ་འགྱུར། མི་ཕལ་པ། ཞེས་པ་ལྟ་བུའོ། དེ་ཡང་གང་གིས་འཕྲད། གང་ལ་འཕྲད། ཚུལ་ཇི་ལྟར་འཕྲད། ཅིའི་ཕྱིར་འཕྲད། ཅེས་རགས་ཙམ་བརྗོད་ན། འདིར་རྗེས་འཇུག་གཙོ་བོར་བསྟན་པའི་སྐབས་ཡིན་པ་མ་ཟད་དེའི་ནང་ནས་རྗེས་འཇུག་མ་ནིང་ན་ར་ལ་གསུམ་བསྟན་པའི་སྐབས་ཡིན་ཕྱིར་གང་གིས་འཕྲད་ཅེ་ན་རྗེས་འཇུག་ན་ར་ལ་གསུམ་འདི་ཁོ་ནའོ། གང་ལ་འཕྲད་ཅེ་ན་མིང་གཞི་དང་ཡང་འཇུག་གཉིས་ལ་འཕྲད་དགོས། དེ་ཡང་མིང་གཞི་ཕོ་ལ་འཕྲད་ན་སྒྲ་དྲག་པར་འགྱུར་བ་དང་། མིང་གཞི་མོ་ལ་འཕྲད་ན་སྒྲ་ཞན་པར་འགྱུར་བ་དང་། མིང་གཞི་མ་ནིང་ལ་འཕྲད་ན་སྒྲ་དྲག་ཞན་གང་ཡང་མི་འགྱུར་བའི་རྒྱུ་མཚན་གྱིས་སྔོན་མ་དེ་གཉིས་གང་རུང་ཡིན་ན་འགྱུར་བ་མ་ནིང་རེད་ཅེས་བརྗོད་ཆོག ཕྱི་མ་དེ་ལ་མཚན་མེད་མ་ནིང་སྨྲོས། ཡང་མིང་གཞི་མོ་དང་ཡང་འཇུག་ཕོ་གཉིས་ལ་འཕྲད་ན་དེ་ལ་དྲག་ཞན་གཉིས་ཆ་ལྡན་ཕྱིར་མཚན་གཉིས་མ་ནིང་ཞེས་ངོས་བཟུང་ཆོག མིང་གཞི་མ་ནིང་དང་ཡང་འཇུག་ཕོ་ལ་འཕྲད་དུས་མ་ནིང་ལ་ནུས་མེད་ཡིན་ཡང་ཕོ་རུ་འཕྲད་པས་སྒྲ་དྲག་པར་འགྱུར་བ་མངོན་ནོ། ཇི་ལྟར་འཕྲད་ན་མིང་གཞི་ལ་ཡར་འཕྲད་པ་དང་ཡང་འཇུག་ལ་མར་འཕྲད་པ་གཉིས་སུ་ཡོང་། སྒྲ་དྲག་ཞན་གྱི་སྒོ་ནས་ཡང་འཇོག ཅིའི་ཕྱིར་འཕྲད་ན་ཕོ་མོའི་ཁམས་སམ་ས་ཆུའི་ཁམས་ཀྱི་དབྱེ་བ་དང་སྒྲ་མཚུངས་རྟགས་མཚུངས་ཀྱི་རྣམ་བཞག་ལ་བྱང་ཆུབ་པའི་དོན་ནོ། ཞེས་འདི་ན་ཅུང་ཙམ་བསྟན་པ་འདི་ཡང་བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་གོ་བདེ་རུ་བཏང་བར་སྙམ་ཡང་དཔྱད་པ་གཏིང་ཐུག་པ་མིན་སྟབས་དོན་ལོག་སྡེབ་ཉེས་གྱུར་ཚེ་དཔྱོད་ལྡན་རྣམ་པས་དབྱེ་ཤག་མཛད་རོགས་ཞུ།།  །།    ༢༠༡༡་ ༥་ ༢༠   ཉིན་བྲིས།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.