སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྟོན་པ་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་གཉིས་ལས་འཕྲོས་པའི་གཏམ།
[ 2011/5/19 10:56:00 | By: ཁྱུང་བྱ་ར་བ། ]
 

སྟོན་པ་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་གཉིས་ཀྱི་ཧེ་བག་ལས་

འཕྲོས་པའི་གཏམ།

    མདོ་ལས། གང་དག་བཀའ་ལས་འབྱུང་གྱུར་པ། དེ་ཉིད་རིག་པས་གཞལ་མིན་ན། སྙིང་པོ་དོན་མཆིས་ག་ལ་འགྱུར། དེ་ཕྱིར་རིག་གཞལ་དོན་ཡོད་བྱ། ཞེས་དང་། ཡོངས་འཛིན་གསུང་འབུམ་ལས། ཚུལ་འདི་རྣམས་ཀྱི་འདོད་དོན་རང་གི་བློར་བདེ་པོ་ཞིག་འཆར་མ་ཐུབ་ནས། མ་འོངས་པར་སངས་རྒྱས་གཤེན་རབ་ཀྱི་རྗེས་འཇུག་གང་གིས་དཔྱད་གསུམ་དག་པའི་གཞུང་དག་གི་དོན་ལ་བརྟག་དཔྱད་གནང་བ་གལ་ཆེ་སྟེ། བསྟན་པ་རྣམ་པར་དག་པས་སྟོན་པ་རྣམ་དག་དཔོག་དགོས་པ་ལས་ཕྱོགས་འཛིན་གྱི་ཡང་དག་གི་དོན་ལ་སྒྲོ་འདོགས་མི་ཆོད་པའི་ཕྱིར། གོང་དུ་བཤད་པ་རྣམས་དུས་ཐོག་གཅིག་པ་ལྟ་བུ་མཐོང་བས་བསམ་པར་བྱའོ། །ཞེས་གསུངས་པ་འདི་ལ་བསམ་ནས་འཆད་པ་ལ། འཆི་མེད་གཙུག་ཕུད་སྐྱེ་བ་བཞེས་ཚུལ་དང་། ཚོགས་བསགས་ཚུལ་དང་། རྫོགས་སངས་རྒྱས་ཚུལ་དང་གསུམ། དང་པོ་ནི་མ་རྒྱུད་སྒོམ་འགྲེལ་ལྟར་ན་ཡེ་གཤེན་རླུང་གི་འདབ་མ་ཅན་ཞེས་བྱ་བ་དེས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་བཏང་སྟེ། སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ། གསུང་ཡི་གེ་ཨ་རུ་སྤྲུལ། ཐུགས་ཤེལ་གྱི་བུམ་པར་སྤྲུལ་ནས་བྱིན་གྱིས་བརླབས་པས། ཡ་མཚན་ཁྱད་པར་ཆེ་བའི་སྲས་གཅིག་འཁྲུངས་པར་མཆིས། ཡུམ་གྱིས་འཕྲིག་ནས་གཡུ་ལོ་འབར་བའི་སྡོང་པོའི་རྩ་བར་སྦས་པ་ལ་དུས་བཞི་རྒྱལ་མོས་གསོ་བསྐྱེད་བདུད་རྩི་དྲངས་པ་ལས། དབུ་ལ་མེ་ཏོག་ཨུ་དུ་འབར་བའི་རྭ་བརྡོལ་ནས་བཞུགས་པའི་སྤྲུལ་པའི་སྲས་སུ་དགོངས་ནས་གསོས་པའི་ལོ་གསུམ་ནས་སྐུ་གསུང་ཐུགས་ཀྱི་ནུས་པ་རྫོགས་པས་སྟོར་ཏེ་ཐལ། དགུ་ན་ཡུམ་གྱི་དྲུང་ན་ཕྱིན། སྲས་གང་དུ་བཞུད་ཅེས་དྲིས་པས། ཡབ་ལ་བོན་ཉན་དུ་ཕྱིན་གསུངས། ཡབ་མེད་ལགས་བྱས་པས། ཡོད་དེ་བོན་ཉིད་དབྱིངས་ན་གཡུང་དྲུང་སྲིད་པའི་མི་བོ་ཆེ་ཞེས་ཀྱང་བྱ། ཁྲི་བཞི་ནམ་ཏིང་ཞེས་ཀྱང་བྱ། ཡབ་འཕྲུལ་གཤེན་སྣང་ལྡན་ལ་བོན་ཉན་པ་ལགས་སྐད། འདི་སྤ་བསྟན་རྒྱལ་བཟང་པོས་མངལ་སྐྱེས་སུ་བཞེད་ཀྱང་དོན་དུ་དྲོད་སྐྱེས་ཡིན་པར་མངོན། ཅིའི་ཕྱིར་ན། གོང་གི་གཡུ་བྱ་བཟང་ཟའི་འཕྲག་དུ་བབ་ནས་དྲོད་མ་བརླན་པར་ཞེས་པས་གསལ་ལོ། འོན་ཀྱང་ཟླ་དགུ་ངོ་བཅུར་མ་ཡི་མངལ་དུ་བཞུགས་ཞེས་གསུང་སྲོལ་ཡོད། གསས་མཁར་སུམ་བརྒྱ་དྲུག་ཅུའི་འབུམ་ལྟར་ན། སྒོང་སྐྱེས་སུ་འཁྲུངས་ཚུལ། རླུང་གིས་མེ་བཏེག མེས་ཆུས་བཏེག ཆུས་ས་བཏེག ས་ལ་ཟིལ་པ་ཉག་མིག་ཙམ་ཞིག་སྲིད། དེ་ཇེ་ཆེ་ལ་མཚོ་མེ་ལོང་གང་སྲིད། དེ་ལས་རིན་པོ་ཆེའི་སྒོ་ང་འོད་ཟེར་འཕྲོ་བ་གཅིག་བྱུང་། དེའི་ནང་དུ་ཁྱེའུ་སྔོན་པོ་གསེར་གྱི་སྨིན་མ་ཅན། བསྭེ་ཡི་སེན་མོ་ཡོད་པ། སྤྱི་གཙུག་ནས་འོད་ཀྱི་ཕུད་འདྲ་བས་གཙུག་ཕུད་སྟེ། ཡེ་གཤེན་གཙུག་ཕུད་དུ་མཚན་གསོལ་ལོ། འདི་སྤ་བསྟན་རྒྱལ་བཟང་པོའི་བསྟན་འབྱུང་ལས་བཤུས་པ་ཡིན། འདི་དང་མི་མཐུན་པ་བཤད་ཚུལ་མང་ངོ་། ལེགས་བཤད་མཛོད་ལྟར་ན། རྫུས་སྐྱེས་སུ་བྱོན་ཚུལ། ཡུལ་ནགས་ཀྱི་དྲྭ་བ་ཚལ་ན། རྒྱལ་པོ་གྲགས་པའི་འཁོར་ལོ་ཅན། གླང་པོ་ཏེ་རིབ་ཤ་བྱ་བ་ཡོད་པ་སྟོར་ནས་གླང་རྫིས་འཚོལ་དུ་ཕྱིན་པས་གླང་པོས་ཆུ་མིག་སྔོ་སངས་ལ་ཆུ་འཐུང་ནས་ཤེལ་གྱི་བྲག་བཟང་ལ་ཉན་པའི་ཚུལ་དུ་འདུག་པ་དེར་གླང་རྫིས་ཀྱང་ཉན་པས་ཤིན་ཏུ་སྙན་པའི་སྐད་ཞིག་གྲགས། རྒྱལ་པོ་ལ་ཞུས་པས་རྒྱལ་པོ་ན་རེ། བྲག་འདི་མེས་བསྲེག་ན་ལོག་སྲེད་ཅན་ཞིག་ཡིན་ན་འཚིག སྤྲུལ་པའི་སྐུ་ཞིག་ཡིན་ན་འབྱོན་འོང་གསུང་ཏེ། བྲག་མེས་བསྲེགས་པས་ཐལ་བ་མེ་ཏོག་ཏུ་ཁྲ་བུང་གིས་སོང་བའི་ནང་ན་ཁྱེའུ་དཀར་པོ་ཨུ་དུམ་ཝཱ་རའི་གཙུག་ཕུད་ཆག་གང་ཡོད་པ་ཞིག་བྱོན། འདིའི་རྫུས་སྐྱེས་སུ་བྱོན་ཚུལ་འདི་ཡང་རྩེ་ཀློང་ཆེན་གྱི་དགོངས་དོན་དང་ལེགས་བཤད་མཛོད་ལས་གསུངས་པ་གཉིས་ཚིག་དོན་གཅིག་ཏུ་ཁེལ་འདུག  རྩ་རྒྱུད་གསང་བ་བསེན་ཐུབ་ལྟར་ན། འཕྲུལ་གཤེན་སྣང་ལྡན་བྱ་ཁུ་བྱུག་དུ་སྤྲུལ་ནས་ཡུམ་བཟང་ཟ་མཚོ་འགྲམ་དུ་བཞུགས་པའི་ཕྲག་གཡས་སུ་བབ་པ་ལས་སྲས་ཤིག་བལྟམས་པ་ལ། དགོངས་པ། སྟང་མེད་ལུས་ལ་བུ་སྐྱེས་པ། ས་བོན་མེད་པའི་མྱུག་གུ་ཁྱོད། རིན་ཆེན་བསིལ་གཡབ་གནས་སུ་སྡོད། ཅེས་སྨྲས་མཚོ་འགྲམ་དུ་གསེར་ཕྱེ་བྲུས། རིན་ཆེན་ཁང་བུ་ཕུབ་ནས་བཞག། ཞག་དགུ་ལོན་ནས་འོད་ཟེར་འབར། ཡུམ་ཡང་སྲས་ལ་བལྟ་རུ་བྱོན། སྲས་ཀྱིས་ཡུམ་དུ་ངོ་ཤེས་ནས། ཞལ་འཛུམ་མདངས་གསལ་འོད་དུ་འབར། གཙུག་དུ་ཨུ་འབར་སུམ་བརྩེགས་འཁྲུངས། དེ་ལ་ཡུམ་ཡང་ངོ་མཚར་ནས། ཡེ་སྲིད་རྒྱལ་བ་ལྷ་ཡི་སྲས། སྐྱེ་འཆི་མེད་པ་གཡུང་དྲུང་སྐུ། འགྱུར་མེད་ཡེ་ཤེས་ལྔ་ཡི་འོད། མུན་སེལ་སྒྲོན་མ་འགྲོ་བའི་མགོན། ཞག་དགུ་བོར་བས་མ་ཤི་བར། ཨུ་དུམ་འབར་བའི་གཙུག་ཕུད་འཁྲུངས། འཆི་མེད་གཙུག་ཕུད་ཅེས་སུ་བཏགས། ཞེས་རྒྱུད་ཉི་སྒྲོན་དང་མ་རྒྱུད་སྒོམ་འགྲེལ་རྣམས་སུ་འཆི་མེད་གཙུག་ཕུད་ཅེས་པ་དང་འབུམ་དང་ཞི་བ་ཡོངས་རྫོགས་ལས་ཡེ་གཤེན་གཙུག་ཕུད་ས་དགུ་ལས་མ་ནོན་ཞེས་པའི་ཡེ་གཤེན་གཙུག་ཕུད་དང་འཆི་མེད་གཙུག་ཕུད་གཉིས་ལ་ཧེ་བག་ཇི་ལྟར་སྲིད་སྙམ་ན། གཅིག་ནི་ས་དགུ་ལས་མ་ནོན་པ་ངོས་འཛིན་ཡོད་པ་དང་། གཅིག་ཤོས་ནི་རྫོགས་པའི་སངས་རྒྱས་ཤིག་ཡིན་ཞེས་འདོད་ཚུལ་གཉིས་སུ་ཆགས་ཡོད། ད་དུང་ཅི་མི་སྙམ་ན་སེམས་ཅན་དང་སངས་རྒྱས་ཁྱད་པར་མ་ཤེས་པ་ཟད་དོ། འོན་ཀྱང་གང་ལས་ཇི་ལྟར་ཞེ་ན། ཡེ་གཤེན་གཙུག་ཕུད་ས་དགུ་ལས་མ་ནོན་ཞེས་ཞི་བ་ཡོངས་རྫོགས་དང་ལེགས་བཤད་མཛོད་སོགས་ལས་གསུངས་པ་དང་། མདོ་འདུས་ལེའུ་བརྒྱད་པ་ལས། སེམས་དཔའ་ཡེ་གཤེན་གཙུག་ཕུད་ནི། ཞེས་པ་དང་།  འཆི་མེད་གཙུག་ཕུད་སངས་རྒྱས་ཡིན་པ་སྙན་རྒྱུད་བདེར་གཤེགས་དགོངས་རྒྱུད་དགུ་ཡི་བདེར་གཤེགས་བརྒྱད་པ་འཆི་མེད་གཙུག་ཕུད་གསུང་པ་དང་ཡོངས་འཛིན་བཀའ་འགྲེལ་ལས་སངས་རྒྱས་རབ་དགུ་མ་ཡིན་པ་ཐལ་ལོ་ཞེས་སོགས་ལ་གཟིགས་དང་གསལ་ལོ། ཡང་ཁ་ཅིག་གིས་འདི་གཉིས་གཅིག་རེད་མི་འདུག གཅིག་ས་དགུ་སེམས་དཔའ་ཞིག་ཡིན་པ་དང་གཅིག་སངས་རྒྱས་དངོས་གནས་པ་ལོས་ཡིན་ཟེར་ན། འདི་གཉིས་གཅིག་པར་མཐོང་བའི་མངོན་ཤེས་དང་མངོན་སུམ་མེད་ཀྱང་རེ་ཞིག་བླུན་པོའི་རྗེས་སུ་འབྲེང་ཏེ་ལུང་ཞིག་དྲངས་ན་སྒ་སྟོན་ཐེག་འགྲེལ་ལས། གཙོ་འཁོར་འཆོལ་བ་ཐལ་བ་ནི། ཡེ་གཤེན་གཙུག་ཕུད་དེ་འཁོར་གཤེན་ཕྲན་ལྔ་བརྒྱའི་ནང་གི་གཙུག་ཕུད་དུ་བཤད་པ་དང་འགལ་ཞེ་ན། དེ་ནི་གཙུག་ཕུད་ཐོབ་པའི་གཤེན་བརྒྱད་མ་ཚང་བའི་ཁ་བསྐང་པར་མངོན་ཏེ་འཆི་མེད་གཙུག་ཕུད་དང་། ཡེ་གཤེན་གཙུག་ཕུད་གཉིས་ངོ་བོ་ཐ་དད་དུ་མི་བབས་ཏེ། གཉིས་ཀ་ཨུ་དམ་ཝཱ་རའི་ཐོད་གཙུག་གིས་ངེས་པའི་ཕྱིར། ཞེས་ལུང་མཆོག་འདིས་གོང་གི་ཧེ་བག་སུབ་པར་བྱས་འདུག་སྙམ་མོ།  གཉིས་པ་ནི། མདོ་འདུས་ལེའུ་བདུན་པ་ལས། སྐྱེ་འཆི་བར་དོའི་ཁ་ཡང་བརྒྱུད། ཅེས་རང་གིས་བྱས་པའི་ལས་དང་ཉོན་མོངས་པ་སུས་ཀྱང་ལྡོག་ཐབས་མེད་པ་བསྟན། བདག་ཅག་གི་སྟོན་པ་ཡང་སྔོན་དམྱལ་བའི་གནས་སུ་སྐྱེས་པ་མ་ཟད་དམྱལ་དཔོན་གྱིས་རྡུང་བརྡེག་བཟོས་པའང་ཅི་འདྲའི་མང་། དེ་ཉིད་ལས། །དགེ་སྡིག་ལས་ཀྱི་དབང་བཙན་པས། །སྲོག་གཅོད་ཞེ་སྡང་རྣམ་སྨིན་གྱིས། །དམྱལ་བའི་གྱད་བུ་ཐུང་དུ་སྐྱེས། །བཅད་གཏུབ་ལས་ལ་སྙིང་རྗེ་སྐྱེས། །དེ་ལ་ཨ་བ་གླང་མགོ་ཁྲོས། །གཅོད་གཏུབ་བྱེད་པའི་དམྱལ་བ་རྣམས་ཞེས་དང་། ཡང་ཁོང་ལ་སྔོན་དགེ་རྩ་རླབས་པོ་ཆེའི་ནུས་མཐུ་ཡོད་པ་སད་ནས་ཉམ་ཐག་གི་དམྱལ་བ་གཞན་ལ་སྙིང་རྗེ་ཤུག་དྲག་སྐྱེས། དེ་ནས་གཞན་གྱི་དཀའ་ཁག་རང་གིས་ཁུར་བ་ཁས་མཆེས་ན་ཡང་དམྱལ་སྲུང་ཁྲོས་ཏེ་རྡུང་བརྡེག་གཏོང་བ་ཡིན་ཏེ། དེ་ཉིད་ལས། །རང་གི་ལས་བྱས་རྣམ་སྨིན་གྱིས། །ཁྱོད་ཀྱིས་ཅི་ཕྱིར་སྙིང་རྗེ་སྐྱེ། །ཞེས་སྨྲས་ཐོ་བས་སྤྱི་ནས་བཅོམ། ཞེས་གསུངས་སོ། དེ་དུས་སྙིང་རྗེ་སྐྱེས་པས་མ་ཚད་ཐེག་པ་ཆེན་པོའི་ལུགས་ཀྱི་སྙིང་རྗེ་སྐྱེས་པའང་མཚོན་ནུས།  །ཚེ་ཡི་དུས་བྱས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་ཅན་དུ་གྱུར་པའི་ཚེ། །བཀྲེས་སྐོམ་གདུང་ལ་སྙིང་རྗེ་སྐྱེས། བཟའ་བཏུང་ཇི་སྙེད་རོགས་ལ་བྱིན། །ཚེ་འཕོས་ནེ་ཙོ་ཞིག་ཏུ་སྐྱེས། །ཁྲ་གླག་གཞན་ལ་སྙིང་རྗེ་སྐྱེས། ཞེས་པས་མེ་ཏོག་པད་མ་འདམ་དུ་འཁྲུངས་ཀྱང་འདམ་གྱིས་མ་གོས་ཞེས་པའི་དཔེ་ལྟར། ཁོང་དམྱལ་བ་ཡི་དྭགས་བྱོལ་སོང་སྟེ་ངན་སོང་གསུམ་ནས་ཡར་རིམ་པར་སྐྱེས་ཀྱང་ལས་སྒྲིབ་ཀྱི་རྣམ་སྨིན་ཚབས་ཆེན་མྱོང་བ་མེད་པ་དེས། སྙིང་རྗེ་ལ་སོགས་དགེ་བ་བསམ་ན་རྣམ་སྨིན་ཇེ་ཆུང་རུ་འགྲོ་བ་མཚོན་གྱི་ཡོད།  མི་རྣམས་ཚེ་ལོ་འབུམ་ཐུབ་དུས། །བྲམ་ཟེ་བློ་གསལ་བྱ་བ་སྐྱེས། །རང་འབྱུང་ཐུགས་རྗེའི་སྟོན་པ་ལ། །མེ་ཏོག་ཨུ་དུ་བྷ་ར་ཕུལ། །ཚོགས་ལམ་ཆེན་པོ་རྫོགས་གྱུར་ཏེ། །སྦྱིན་རྫོགས་སེར་སྣའི་དྲི་བྲལ་ཏེ། །ས་ནི་དང་པོ་རབ་དགའ་ཐོབ། །ས་ཐོབ་གཡུང་དྲུང་སེམས་དཔའ་འོ། ཞེས་གསུང་པའི་ལུང་འདིས་ཚོགས་ལམ་ཐོབ་པ་དང་ས་དང་པོ་ཐོབ་པ་དུས་མཉམ་དུ་བསྟན་པ་ལྟར་སྣང་ཡང་ལུང་དོན་དེ་ལྟར་འཆོལ་བ་མིན། རྒྱུད་འདིའི་དོན་ནི་སྔར་མེད་པའི་དགའ་བ་ཁྱད་པར་ཅན་ཞིག་གསར་དུ་བྱུང་བ་ལ་དགོངས་པ་མངོན། རྒྱུ་མཚན་དེས་ད་ལྟ་རང་རེ་ཚོ་ལ་དགའ་བ་དམིགས་གསལ་བ་རེ་བྱུང་དུས་ས་དང་པོ་ཐོབ་པ་ལྟར་བུའི་དགའ་བ་འཕེལ་ཞེས་བརྗོད་ཀྱིན་ཡོད་པ་འདིས་ཞོར་དུ་ཤེས་ནུས་སོ། མཛད་བསྟོད་ལས། སྔོན་ཚེ་སྤྲུལ་སྐུ་བསོན་ནམས་དབང་དྲུང་དུ། ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། ཞེས་དང་སྟོན་པ་བསོད་ལྡན་ཚོགས་ཀྱི་ཞིང་ཁམས་དེ་རུ་བྱོན། དགེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། ཞེས་གསུངས་པ་ཡང་གོང་གི་ཚོགས་ལམ་ཐོབ་པ་དེ་སྟོན་པ་ལས་གཞན་པ་ཞིག་མིན་སྙམ། རྒྱལ་བུ་ཀུན་དགའ་འོད་དུ་སྐྱེ་བ་བཞེས་ནས་རྫས་དང་དོན་གྱི་ནོར་བུ་ལོན་པ་དང་། བདག་གཞན་མཉམ་པའི་སེམས་བསྐྱེད་སྐྱེས། རྫས་ཀྱི་ནོར་བུ་ནི་དཀར་ལ་འཚེར་བ་དང་དམར་ལ་གདང་བ་སོགས་ཡོད་ཀྱང་དོན་གྱི་ནོར་བུ་ནི་ས་དང་ལམ་གྱི་རྣམ་བཞག་ལ་གོ་བ་ལས་གཞན་དུ་མིན།  ཡང་དཔལ་ཆེན་པོའི་སྐྱེ་བ་བཞེས་ནས་རང་ལུས་སྤྱང་ལ་སྦྱིན་པ་བཏང།  འོག་ཕྱོགས་འཇིག་རྟེན་གྱི་ཁམས་སུ་ཤེས་རབ་ལྡན་སྐྱེ་བ་བཞེས་ནས་རང་ལུས་ཤ་བཅད་ཁྲག་ཕྱུང་སྤྲང་པོ་བཟའ་དགུ་གསོས།  རུས་པ་དཀར་ལ་ཐུག་ནས་སྐྱེ་བ་བརྗེས། ཞེས་པ་འདིས་བདག་གཞན་བརྗེ་བའི་སེམས་བསྐྱེད་སྐྱེས་པ་དང་གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་གཉིས་ཆ་ལྡན་པ་མཚོན་གྱི་ཡོད།  དེ་ཡང་སྔར་ཚོགས་ལམ་སྐབས་སུ་སྐྱེ་མི་སྲིད་པ་ག་ལ་ཡིན། དེ་ལྟར་ཚོགས་བསགས་པས་རྟེན་དེ་ལ་ཚོགས་ཀྱི་ལྷག་མ་བསྡུས་ཤིང་སྦྱོར་ལམ་ནས་མཐོང་ལམ་རྒྱུད་ལ་སྐྱེས་ཡོད་པ་རང་ལུགས་མཁས་གྲུབ་རྣམས་ཀྱི་བཞེད་དགོངས་གཅིག་མཐུན་དུ་གྱུར་འདུག དེ་ཉིད་ལས།   མི་རྣམས་ཚེ་ལོ་བརྒྱད་ཁྲིའི་དུས། །རྒྱལ་བུ་དགེ་རྒྱལ་བྱ་བ་སྐྱེས། །སྟོན་པ་འཁོར་བ་ཀུན་འདྲེན་ལ། །བདུད་རྩི་ས་ཞག་སྐྱོག་གང་དྲངས། །མི་གཙང་སྐྱོན་བྲལ་ཚུལ་ཁྲིམས་རྫོགས། །རིན་ཆེན་ཀློང་འབུར་ཡི་གེར་བྲིས། །ས་ནི་གཉིས་པ་དྲི་མེད་ཐོབ། །ཚེ་ལོ་དྲུག་ཁྲི་ཐུབ་དུས་སུ། །ཚོང་དཔོན་བུ་ནི་འདོད་སྦྱིན་གྱུར། །སྟོན་པ་ཉོན་མོངས་དུག་སྲེག་ལ། །འབྲས་ནི་ས་ལུ་ལྗང་པ་ཕུལ། །འབྲས་རྩོད་གཞན་ལ་བཟོད་པ་སྐྱེས། །ས་ནི་གསུམ་པ་འོད་བྱེད་ཐོབ། །ཚེ་ལོ་བཞི་ཁྲི་ཐོབ་དུས་སུ། །སྟོན་པ་བྲམ་ཟེ་དཀར་བདག་ནི། །དལ་འབྱོར་སྐྱེས་ཞེས་བྱ་བ་འགྱུར། །སྟོན་པ་ཚད་མེད་ཐུགས་རྗེ་ཅན། །མི་ལེ་དྲུམ་ཤིང་ཉག་རེ་ཕུལ། །དགེ་ལ་སྤྲོ་བའི་བརྩོན་འགྲུས་ཐོབ། །སྦྱོར་ལམ་ཀུན་བཟང་ཡེ་ཤེས་ཐོབ། །འདིའི་སྦྱོར་ལམ་ཞེས་པ་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་ཡིན་པ་འདྲ་བྱུང།   ས་བཞི་པ་འོད་འཕྲོ་ཐོབ་པར་འགྱུར། །ཚེ་ལོ་ཉིས་ཁྲི་ཐུབ་པའི་དུས། །སྟོན་པ་རྗེ་རིགས་བློ་ལྡན་གྱུར། ཚེ་ལོ་སྟོང་ཕྲག་ཐུབ་དུས་སུ། གཤེན་རབ་གཏོ་བུ་བློ་གསལ་གྱུར། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ལ། རིན་ཆེན་གསེར་གྱི་བུམ་པ་ཕུལ། བསྟན་པ་རྣམ་གསུམ་དཔེ་རྩེ་བཞག མཐོང་ལམ་དེ་ཉིད་མངོན་དུ་གྱུར། ཉན་བསམ་སྒོམ་པའི་ཤེས་རབ་སྦྱོང་། ས་དྲུག་མངོན་དུ་གྱུར་པ་ཐོབ། དེ་ནས་གཏོ་བུ་བློ་གསལ་དུ།  ཚེ་འཕོས་བར་ལྷ་འོད་གསལ་དུ། གཤེན་འཆི་མེད་གཙུག་ཕུད་བྱ་བ་འཁྲུངས། ཞེས་དང་ཡེ་ཤེས་ཚོགས་བསགས་མོས་པ་བསྐྱེད། ཐབས་ནི་སྟོབས་དང་སྨོན་ལམ་སྦྱོང་། ས་བདུན་རིང་དུ་སོང་བ་དང་། ས་བརྒྱད་པ་མི་གཡོ་བའི་ས། དགུ་པ་ལེགས་པའི་བློ་གྲོས་ལ། ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་། ཞེས་དང་དེ་ནས་ཚེ་ལོ་བརྒྱ་པའི་དུས། བློ་གསལ་འཆི་མེད་གཙུག་ཕུད་ཀྱང་། གཏོ་རྒྱལ་བསྟན་པ་རྫོགས་མཛད་ཕྱིར། བསམ་ཞིང་སྐྱེ་དང་འཕྲུལ་མཛད་དེ། སྟོན་པ་གཤེན་རབ་མི་བོ་གྱུར། ཞེས་གསུངས། །སྟོན་པ་ཐམས་ཅད་མཁྱེན་གཟིགས་ལ། །འབྲུ་ཡི་ཕུང་པོ་ཆེན་པོ་ཕུལ། །ཐམས་ཅད་མཁྱེན་པས་ལུང་བསྟན་པ། །ཀྱེ་མ་རྗེ་རིགས་བློ་གྲོས་ལྡན། །ཁྱོད་ནི་ཚེ་ལོ་བརྒྱ་པའི་དུས། །སོགས་ནས་སྟོན་པ་གཤེན་རབ་མི་བོར་འགྱུར། ཞེས་གསུངས། དེ་རྗེས་སྲིད་པ་ཡེ་སངས་ཡུལ་དུ་ཁྱེའུ་གསལ་བ་བཞེས་དུས་གཏོ་འབུམ་ཁྲི་གློག་གི་ལྕེ་ཅན་དྲུང་ནས་བློ་རྩལ་སྦྱང་པས་ས་བདུན་པ་མན་ཆད་ཐོབ།  རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་འགྲོ་བ་འདུལ་བའི་ལུང་ནོད་དུས།  སྐྱེ་བ་བཞི་ལས་མངལ་སྐྱེས་དང་རིས་དྲུག་ནང་ནས་མི་ཡུལ་གྱི་སྟོན་པ་གཤེགས་ཞེས་འགྲོ་འདུལ་དབང་བསྐུར་ཐོབ་པས།  ས་བཅུ་པ་ཐོབ།  མདོ་འདུས་ལས། །བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། །ས་བཅུའི་ཤེས་བྱའི་སྒྲིབ་པ་བྱོང་། །ཡེ་གཤེན་མཆོག་གི་ཕ་རོལ་ཕྱིན། །ས་བཅུའི་གཡུང་དྲུང་སེམས་དཔའ་ཁྱོད། །སྐྱེ་བ་གཅིག་ལ་མི་ཐོགས་ཏེ། །འོད་ཀྱི་ལྷ་རི་སྤོས་མཐོན་དུ། །གཤེན་རབ་མི་བོ་མངོན་སངས་རྒྱས། ཞེས་གསུངས་པ་འདི་ལ་གཞིག་ན་བདག་ཅག་གི་སྟོན་པ་སྔར་ས་བཅུ་པ་མ་ཐོབ་བར་དུ་ལམ་སྤང་ལམ་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ་མངོན། ཞི་བ་ཡོངས་རྫོགས་ལས། ཡེ་གཤེན་གཙུག་ཕུད་ས་བཅུ་མ་ནོན་པས། སྒྲིབ་པའི་ཆ་ལ་འདྲེས་དོགས་ཀྱིས་བག་ཚ་དང་ཉམས་ང་བྱུང་ཏེ། སླར་འོག་མིན་དུ་གཤེགས་ཏེ། དེ་དུས་ཚེ་ལོ་ཁྲི་ལགས་ཏེ་ཞེས་གསུངས། ལེགས་བཤད་མཛོད་ལས། ཡེ་གཤེན་གཙུག་ཕུད་ཁྲི་པའི་དུས་སུ་བྱོན་པས་འཕགས་ལམ་གྱི་ས་དགུ་ལས་མ་ནོན་ལ་དེས་སྒྲིབ་པ་མཐའ་དག་སྤོང་པའི་བླ་མེད་ཀྱི་ས་ནོན་ནས་བརྒྱ་པའི་སྟོན་པ་བྱོན་པ་སྟེ། དེ་ནི་ཁྱེའུ་གསལ་བ་འམ་འཆི་མེད་གཙུག་ཕུད་ཅེས་བྱ་ཞེས་གསུངས། ཡང་དེ་ཉིད་ལས། ཁྱེའུ་གསལ་བ་ཉིད་ཡི་གེ་ཨ་མ་དཀར་དམར་གཉིས་སུ་བསྡུས་ཏེ་ཡབ་རྒྱ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྤྱི་བོར་བབས་ཞེས་གསུངས། འདི་ནི་ཡེ་གཤེན་གཙུག་ཕུད་དང་ཁྱེའུ་གསལ་བ་གཉིས་ཁྱད་པར་མ་ཕྱེས་ནས་འཆི་མེད་གཙུག་ཕུད་མ་འཁྲུངས་གོང་སྟོན་པ་གཤེན་རབ་འཁྲུངས་ཚུལ་བསྟན་པ་མིན་ནམ་སྙམ།   ཡོངས་འཛིན་གསུང་འབུམ་ལས། བདག་ཅག་གི་སྟོན་པ་འདི་སྔགས་ལམ་འབྲས་བུ་སྒྲུབ་ཚུལ་བྱང་སེམས་རྒྱུན་མཐའི་རྟོགས་པ་དང་ལྡན་ཚེ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་ལས་གསང་ཆེན་སྔགས་ཀྱི་བོན་སྡེ་དུ་མ་གསན་ཞེས་གསུངས་སོ། དཔལ་ཚུལ་བསྟན་འབྱུང་ལས། བྱང་སེམས་རྒྱུན་མཐའི་རྟོགས་པ་དང་ལྡན་ཚེ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བར་གྱུར། ཁྱབ་བདལ་ཀུན་ཏུ་བཟང་ལས་གསང་སྔགས་བོན། གསན་འགྲུབ་སྒོམ་དགོངས་མཛད་སོགས་སྔགས་ལམ་གྱིས། རྗེས་བྱང་འབྲས་བུ་ལྷུན་གྱིས་གྲུབ་པར་བསྒྲུབས། ཞེས་གསུང་པས་ས་བཅུ་པ་ནས་གཟོད་སྔགས་སེམས་ཀྱི་ལམ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་ཐོབ་པར་བྱས་པ་བསྟན་ཡོད་པ་སྣང་། འོན་ཀྱང་གོང་གི་མདོ་འདུས་ཀྱི་ལུང་ལྟར་ན་ས་བདུན་པའི་སྐབས་སུ་འཆི་མེད་གཙུག་ཕུད་འཁྲུངས་པ་བསྟན་ཡོད། དེ་ལྟར་ན་སྔགས་སེམས་ཀྱི་ལམ་ས་བཅུ་པའི་གོང་ནས་བསྒྲུབ་པ་ཨེ་ཡོད་སྙམ། གསུམ་པ་ནི། མཐར་ཐུག་སྟོན་པ་རྣམ་པར་དག་པ་དེ་ཉིད་སྲིད་རྩེ་ནས་ཡས་མར་རིམ་པར་བྱོན་ཏེ་མཐར་རི་རབ་ཀྱི་རྩེ་མོ་ནས་གཟིགས་ཚད་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ་འཛམ་བུ་གླིང་དུ་སྐུ་འཁྲུངས་པའམ་འོལ་མོ་ལུང་རིང་དུ་བལྟམས་ནས་བཟུང་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་པ་སོགས་མང་ཡང་བསྡུས་ན་བྱ་རྒྱུད་སྤྱོད་རྒྱུད་ཡེ་གཤེན་ཡེ་གཤེན་ཆེན་པོའི་རྒྱུད་ཀྱི་ལྷ་རྣམས་སྤྲུལ་ནས་འགྲོ་བའི་དོན་བྱས་པར་སྣང་།  དེ་ནས་ཁམས་གསུམ་གྱི་འགྲོ་བ་ཡོངས་ལ་སྨན་ཕྱིར་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འགྲོ་བ་རང་མཐུན་གྱི་ཚུལ་དུ་བསྟན། དར་རྒྱས་གསལ་སྒྲོན་ལས། སྲིད་པའི་ཁྱེའུ་གསལ་བ་དེས། འབུམ་ཁྲི་གློག་གི་ལྕེ་ཅན་ལ་ཤེས་རབ་སྦྱོང་། ཡི་དམ་ལྷ་ལ་ལུང་ནོས་པའི། ཐོག་མེད་སྤྲུལ་པའི་སྐུར་གྱུར་ནས། འགྲོ་བ་སེམས་ཅན་དོན་ལ་བྱོན་པ་ལགས་ཏེ་ཞེས་གསུངས། མདོ་འདུས་ལེའུ་བཞི་པ་ལས། རིན་པོ་ཆེ་ཡི་བུམ་པ་རུ། །སྲིད་པ་བཀོས་ཀྱི་བྱང་བུ་ལ། མཚན་གྱི་བྱང་བུ་སྟོང་བྲིས་བཅུགས། སྨོན་ལམ་བཏབ་ཅིང་རིམ་པར་ཕྱུང་། ཅི་ལྟར་འབྱུང་བཞིན་བདེར་གཤེགས་སྟོང་། འགྲོ་བའི་དོན་དུ་རིམ་པར་འབྱུང་། ཞེས་དང་མཚན་རབ་དང་པོ་དགུ་རུ་འབྱུང་། ཞེས་གསུངས་པ་སོགས་ལ་བསྟེན་ནས་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་སྤྲུལ་སྐུ་གཤེན་རབ་མི་བོ་བྱོན་ཚུལ་ལོ། །ཟུར་འཕྲོས་ཞིག་བཀོད་ན། འཆི་མེད་གཙུག་ཕུད་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་པ་འདོད་མཁན་ཡང་ཡོད། དེ་ལྟར་ན་འཆི་མེད་གཙུག་ཕུད་ཀྱིས་གསུང་པའི་གསང་སྔགས་སྐོར་དང་རྒྱལ་བ་གཤེན་རབ་ཀྱིས་གསུང་པའི་གསང་སྔགས་སྐོར་གཉིས་སུ་ཕྱེས་དོན་ཅི་ཡིན་དཔྱད། ཡོངས་འཛིན་གསུང་འབུམ་ལས། ཁྱེའུ་གསལ་བས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཡུན་ཚད་ཚེ་ལོ་འབུམ་ནས་བརྒྱ་པའི་བར་དུ་འགོལ་བ་འདོད་ན་ཡང་མི་འཐད་དེ་སྤུན་གྲོགས་གཞན་གྲངས་མེད་གསུམ་དུ་ཚོགས་བསགས་མི་དགོས་པར་ཐལ་བ་དང་། ཡང་ན་སེམས་བསྐྱེད་ནས་བཟུང་ཚོགས་སོགས་གྲུབ་པ་ཡིན་སྙམ་ན། ཁྱེའུ་གསལ་བའི་དུས་ཡུན་རིང་བ་དང་དམིགས་གསལ་དགོས་པ་ཅི། ཞེས་གསུངས། ཡོངས་འཛིན་བཀའ་འགྲེལ་ལས། འཆི་མེད་གཙུག་ཕུད་དེ། དག་པ་གསལ་པ་ཤེས་པ་གསུམ་ལས། གསལ་བ་དེ་ཡིན་ནམ་མིན། མ་ཡིན་ན་དག་པ་གཏོ་རྒྱལ་འཛམ་བུ་གླིང་དུ་སྐྱེ་བ་བཞེས་ཁར་ལྷ་ལ་རྒྱལ་ཚབ་སུ་བཞག། ཡིན་ན་སངས་རྒྱས་སྟོང་དང་རྩ་གཉིས་ལས་མཚན་རབ་དང་པོ་དགུ་རུ་བྱུང་བའི་བརྒྱད་པ་དེ་གསལ་བ་ཡིན་པ་གང་ཞིག་དེས་ས་དགུ་ལས་མ་ནོན་ན་མཚན་རབ་དགུ་པར་བཅུག་སྟེ་བསྒྲིལ་བའི་དགུ་དེ་སངས་རྒྱས་རབ་དགུ་མ་ཡིན་པར་ཐལ་ལོ། ཞེས་གསུངས། འདི་སངས་རྒྱས་ཡིན་པ་སྒྲུབ་བྱེད་དུ་བཀོད་པ་སྣང་། གཟི་བརྗིད་ལས། ཉོན་ཅི་ཁྱེའུ་གསལ་བ་ཉོན། བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། ཨུ་འབར་གཙུག་སྐྱེས་དྲི་མ་མེད། བསྐལ་བཟང་འགྲོ་བ་འདྲེན་པའི་དཔལ། ཚེ་རབ་གང་ནས་སྒྲིབ་སྦྱང་ཤིང་། བསྐལ་སྲིད་གོང་ནས་ཚོགས་བསག་པས། ཚོགས་བསགས་སྒྲིབ་སྦྱོང་ནུས་མཐུ་ཡིས། བསྐལ་བཟང་སངས་རྒྱས་ས་རུ་སླེབས། ཞེས་གསུངས། སྤྱིར་གཤེན་རབ་ལ་གཉིས་སུ་ཡོད་དེ་འབུམ་པའི་གཤེན་རབ་ལ་རྫོགས་པའི་གཤེན་རབ་དང་བརྒྱ་པའི་གཤེན་རབ་ལ་སྟོན་པ་གཤེན་རབ་ཅེས་བརྗོད་ཀྱི་ཡོད། དེ་མཚུངས་སུ་ཡེ་ཤེས་སྙིང་པོ། ཡོངས་སུ་དག་པ། སྟག་ལ་མེ་འབར། མུ་ཁྲི་བཙན་པོ་སོགས་བརྒྱ་པའི་ཡས་མན་ཅི་རིགས་སུ་འབྱུང་བ་ནི་རེ་འགའ་ཚེ་ལ་རང་དབང་ཐོབ་པ་དང་རེ་འགའ་སེམས་དཔའ་ཐ་དད་པ་རེ་ཡོད་པར་སྙམ། མདོ་ལུགས་སུ་གྲངས་མེད་གསུམ་ཞེས་ཚོགས་ལམ་ནས་ས་དང་པོའི་བར་གཅིག དང་པོ་ནས་བདུན་པའི་བར་དུ་གཅིག བདུན་པ་ནས་རྒྱུན་མཐའི་བར་དུ་གཅིག་ཅེས་གསུངས་ཡང་གྲངས་མེད་གསུམ་ཁོ་ནར་ཚང་དགོས་པའི་ངེས་པ་མེད་དེ། དཔེར་ན་ཚོགས་སྦྱོར་མཐོང་གསུམ་རྟེན་གཅིག་གིས་བསྡུས་པ་རྒྱལ་བུ་ཤེས་རབ་ལྡན་ལྟ་བུའོ། །ཡང་ཁ་ཅིག་གིས་བོན་སྟོན་གཤེན་རབ་མི་བོ་རྒྱལ་སར་བཀོད་པ་དང་སྔོན་གཏོ་རྒྱལ་གྱི་བསྟན་པ་རྫོགས་པ་དུས་མཉམ་ཡང་རྗེས་ནས་གཤེན་ལོ་སོ་གཅིག་བཞེས་སྐབས་གཏོ་རྒྱལ་གྱི་སློབ་མ་དྲང་སྲོང་ལེགས་ལྡན་རྒྱལ་བ་ལས་སྡོམ་པ་ནོད་ཟེར་བའི་སློབ་དཔོན་གྱི་སྡོམ་པ་དེ་གཏོ་རྒྱལ་བསྟན་པ་ཡིན་ནམ་གཤེན་རབ་ཀྱི་བསྟན་པ་ཡིན་ཟེར་ན་ལན་ཅི་སྨྲ། །༢༠༡༡  ༥ ༣

 
 
Re:སྟོན་པ་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་གཉིས་ལས་འཕྲོས་པའི་གཏམ།
[ 2011/5/30 22:10:24 | By: yongdrom ]
 
yongdromརྒན་ཁྱུང་ཤེས་རབ་ལགས་བཀྲ་ཤིས་བདེ་ལེགས།
 
 
Re:སྟོན་པ་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་གཉིས་ལས་འཕྲོས་པའི་གཏམ།
[ 2011/5/19 11:52:31 | By: laozhuojueni ]
 
laozhuojueniསྤུན་མཆེད་ཁྱུང་ཤེས་རབ་ལགས་ཀྱི་བཞེད་དགོངས་ཡོངས་སུ་གེགས་མེད་འགྲུབ་པའི་སྨོན་འདུན་ཞུ། གུས་བློ་གྲོས་འབྱུང་གནས་ནས
 
 
Re:སྟོན་པ་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་གཉིས་ཀྱི་ཧེ་བག་ལས་འཕྲོས་པའི་གཏམ།
[ 2011/5/19 11:23:03 | By: snowyouth ]
 
snowyouthགྲོགས་ཁྱུང་ཤེས་རབ་ལགས་ཧི་བོན་ཟིན་བྲིས་སུ་ཕེབས་པ་ལ་དགའ་མགུའི་རྟེན་འབྲེལ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.