མི་ཡུལ་དང་གྱེས་པའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ལ།
དོ་ནུབ ཁོ་བོས་ཐག་རིང་ཐག་རིང་ཞིག་ནས
ཡིད་ཆེས་ཀྱིས་ཕྱུག་པའི་མིག་ཟུང་ཁྱོད་ལ་ཅེར་ཅེར་
ནས་ཡོད་ཀྱང ཁྱོད་རང་ཁུ་སིམ་མེར
ཁོ་བོའི་སེམས་ཀྱི་དགུ་ཚིགས་བརྒལ་ཏེ་
རྒྱང་རིང་རྒྱང་རིང་ཞིག་ལ་གོམ་ཁ་བསྒྱུར་སོང
དོ་ནུབ གནམ་བྲག་དཀར་མོས་མྱ་ངན་གྱི་སྨུག་སྤྲིན་
བཀླུབས་ནས་ན་ཟུག་ཡོད་དགུ་ཆར་དུ་བསྙིལ
དོ་ནུབ འཕན་ཆུ་སྔོན་མོས་མིག་ཆུའི་ཁྲོད་ནས་
ངུ་ངག་གི་དབྱངས་རྟ་ཤུགས་ཀྱིས་དཀྲོལ
རྒྱང་བཞུད་པ ཡོད་ཚད་ལ་ཆག་ཀྲུམ་ཤོར་བའི་དོ་ནུབ
ཁྱོད་ཀྱི་གྲོགས་པོར་རློམ་པའི་ང་ཚོས
སྨྲེ་ངག་དང་ན་ཟུག་གི་ཁྲོད་ནས
ཁྱོད་རང་དྲན་ཞིང ཁྱོད་རང་གླེང
བདེན་ཏེ ཁྱོད་རང་དྲན་རིན་ཡོད་ལ
ཁྱོད་རང་གླེང་རིན་ཀྱང་ཡོད
དེའི་དབང་གིས
ང་ཚོར་ཁྱོད་དང་ཁྱོད་ལྟ་བུ་ཤིནཏུ་དཀོན་ལ
ཁྱོད་དང་ཁྱོད་ལྟ་བུ་ལྷག་ཏུ་མཁོ་ཡ
རྒྱང་བཞུད་པ ཁྱོད་རང་ཕེབས་པ་སྔ་དྲགས་པས
ང་ཚོ་ལ་ན་ཟུག་ལྕི གདུང་བ་ཟབ སྨྲེ་ངག་མོད
ལྷག་པར་དུ སྐད་ཆ་ཚིག་གཅིག་ཀྱང་མ་ལབ་པར
ཐ་ན ཕྱི་མིག་ཙམ་ཡང་མ་བལྟས་པར
ཁ་ཁུ་སིམ་མེར་ཕེབས་སོང་བས ངོ་མ་མི་བཟོད་ཀི
རྒྱང་བཞུད་པ བརྩོན་འགྲུས་ཀྱི་གོམ་ཁ་མ་ལྷོད་པའི་ཁྱོད་རང
རིགས་ཞེན་གྱི་སྤོབས་པ་མ་ཉམས་པའི་ཁྱོད་རང
དོ་ནུབ ང་ཚོ་དང་གཏན་དུ་གྱེས་ཟིན་པས
དོ་ནུབ ང་ཚོས་དྲན་གདུང་གི་ན་ཟུག་ཡོད་ཚད
ཞུམ་མེད་ཀྱི་སྙིང་སྟོབས་སུ་བསྒོམས་ནས་ཁྱོད་ལ་སྐྱེལ་མ་ཞུ
དོ་ནུབ ང་ཚོས་སྨྲེ་ངག་གི་མིག་ཆུ་ཡོད་ཚད
དྭངས་གཙང་གི་མཆོད་ཆང་ལ་བསྒྱུར་ནས་
ཁྱོད་ལ་རྫོང་བ་འདེགས
རྒྱང་བཞུད་པ ང་ཚོས་ཁྱོད་ཀྱི་ལྷག་སེམས་ཀྱི་དར་ཆ་
མཐོ་རུ་བསྒྲེངས་ནས
ང་ཚོས་ཁྱོད་ཀྱི་བརྩོན་སེམས་ཀྱི་སྤོབས་པ་སྙིང་ལ་བཅངས་ནས
ཁྱོད་དང་ང་ཚོས་བརྒྱུད་མྱོང་བའི་ཀྱག་ཀྱོག་གི་ལོ་ཟླ
ཕྱིར་དྲན་གྱི་མགུལ་ལ་བཏགས་ནས
ཁྱོད་དང་ང་ཚོས་གླེང་མྱོང་བའི་གསེར་མདོག་གི་
མདུན་ལམ་ཡངས་མོ
ཨུ་ཚུགས་ཀྱིས་རུམ་ལ་བཅུག་ནས
ཁྱོད་ལ་སྐྱེལ་མ་ཞུ ཁྱོད་ལ་རྫོང་བ་འདེགས
རྒྱང་བཞུད་པ ཁྱོད་རང་བདེ་བར་ཕེབས
ཕྱིར་འཁོར་མེད་པར་བདེ་བར་ཕེབས་དང
ང་ཚོས་ནམ་ཡང་ཁྱོད་རང་བརྗེད་མི་སྲིད་ལ
ང་ཚོས་ནམ་ཡང་ཁྱོད་རང་དོར་མི་སྲིད
དེ་བས ཁྱོད་རང་བདེ་བར་ཕེབས
རྒྱང་བཞུད་པ
༢༠༠༩ ༧ ༢༧