སུབ་མེད་ཀྱི་རྐང་རྗེས
༣ ༨ བུད་མེད་དུས་ཆེན་ལ་ཕུལ་བ།
འཕན་བུ།
སྲིད་པའི་དམུ་ཐག་ཁྲ་མོའི་མགོ་སྔ་ན
འོད་མདངས་མ་ཡལ་བར་རང་ཚུགས་ཀྱིས་འཚེར་བ་ནི་ཁྱེད་རང་ཡིན
གཉའ་གནོན་གྱི་རྡོག་འོག་དག་ན་བཀའ་སྡུག་གིས་འགྱེང་བ་ཡང་ཁྱེད་རང་ཡིན
མ་གཞི་ཁྱེད་ཀྱིས་སུ་ཞིག་གི་སླད་དུ་བཀའ་ལས་མང་པོ་མང་པོ་མྱོང་སོང་ཨང
ཡིན་ནའང ཁྱེད་ཀྱིས་སྔར་བཞིན་ཚེ་སྲོག་བསྲིངས་ནས་ཡོད
འདི་ནི་ཁྱེད་ཀྱིས་མི་ཡུལ་ལ་བཞག་པའི་རྐང་རྗེས་རེད
གནའ་སྔ་མོ་སྔ་མོ་ནས་བཟུང
ཁྱེད་ཀྱིས་བཞག་པའི་མཛད་རྗེས་ནི་རྡོ་ཐོག་གི་རི་མོ་བཞིན་ཝ་ལེར་གསལ
མ་ཡུམ་རྒྱལ་བཞད་མར་གཤེན་རབ་མི་བོ་འཁྲུངས་ནས་བོད་ཡུལ་ལ་ཤེས་རིག་གི་སྒྲོན་མེ་སྦར
རྒྱལ་མོ་ཁྲི་མ་ལད་ཀྱིས་པུར་རྒྱལ་གྱི་རྒྱལ་ས་བཟུང་ནས་མངའ་འབངས་བྱམས་ཀྱིས་བསྐྱངས་ཤིང་ཕྱི་དགྲ་ཐབས་ཀྱིས་འདུལ
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཀྱང་ཆོས་ཟབ་མོ་ཉམས་སུ་བླངས་ཤིང་
མ་འགྲོ་བའི་དོན་དུ་མཛད་པ་རྒྱ་ཆེར་སྤེལ
ད་དུང་མ་ཅིག་ལབ་སྒྲོན མྱང་ཚ་དཀར་རྒྱན གླིང་གི་འབྲུག་མོ
མང་པོ་མང་པོ་ཞིག་གིས་རང་གི་ཡོད་ཚད་ཀྱིས་སུ་ཞིག་ལ་བདེ་སྐྱིད་བསྐྲུན་སོང
ལྷ་སྒྲུང་དང་མངོན་སུམ་གྱི་ཕྱི་ནང་ན་ཁྱེད་ཅག་གི་རྐང་རྗེས་ཡོད
དད་འདུན་དང་འཕྱ་དམོད་ཀྱི་ཧྲག་བར་ན་ཁྱེད་ཅག་གི་སྐྱིད་སྡུག་ཡོད
འབྲོག་ཐང་དང་ཞིང་གྲོང་གི་བར་གསེབ་ན་ཁྱེད་ཅག་གི་གླུ་སྐད་ཡོད
དུས་རབས་ཀྱི་འགྲོས་དང་བསྟུན་ནས
ཁྱེད་ཀྱི་ཕྱི་ནང་གསང་གསུམ་ལའང་འགྱུར་བ་བྱུང་སོང
ལྷ་སྒྲུང་ནས་མངོན་སུམ སྒེར་གཅོད་ནས་དམངས་གཙོ གཡོག་མོ་ནས་བདག་མོ
ཉིན་རེ་ནས་ཉིན་རེ ལོ་རེ་ནས་ལོ་རེ འཕེལ་རྒྱས་སུ་འགྲོ་བཞིན་པ་ནི་སུས་ཀྱང་བསྙོན་དུ་མེད
མ་གཞི་ཁྱེད་ལ་རྨི་ལམ་ཞིག་ཡོད་པས སྡུག་རུས་ཤིག་ཡོད་པས བྱམས་བརྩེ་ཞིག་ཡོད་པས
ཡོད་ཚད་ལ་རྒྱལ་ཁའི་རང་མདངས་ཤིག་ཡོད་སོང་བ་མ་ཡིན་ནམ
ཁ་བའི་རི་ལུང་དག་ཏུ་གྲང་རླུང་གིས་བསྐྱོད་པའི་སྐྲ་ལོ་རིང་བོ
བརྩི་བཀུར་དང་གཟིངས་བསྟོད་ཐོབ་མ་མྱོང་ཞིང་གཉའ་གནོན་དང་འཕྱ་དམོད་ཀྱི་ཀློང་ན་ཁེར་རྐྱང་དུ་ལུས
ལས་དབང་ཞེས་པའི་ལྡོག་མེད་ཀྱི་ཨུ་ཚུགས་ཤིག་གིས་ཀྱང་ཁྱེད་ཀྱི་གོམ་འགྲོས་ལ་ལྕགས་སྒྲོག་རྒྱབ
ཕོ་མཆོག་མོ་དམན་གྱི་གྲུ་ཟུར་འདི་ནས་ཁྱེད་ཀྱི་མགོ་བོ་ནམ་ཡང་ཡར་འགྱོགས་མ་མྱོང་རུང
བརྩེ་བའི་ཅེར་བའི་མིག་ཟུང་གཉོམ་པོ་དེར་རེ་བའི་རྨི་ལམ་ཞིག་ཡོད་པ་སུ་ཡིས་ལྡོག
༢༠༡༤ ༣ ༨