ཡུལ་ཕ་མ་གཉིས་ལ་ཆེད་དུ་བྲིས་པ
སྐྱེད་ཚལ་གྱི་རྒྱན་དུ་སྐྱེས་པའི་རྒྱ་ལྕང་དང
མི་ཡུལ་ལ་ཞིམ་མངར་གྱི་འབྲས་བུ་འབུལ་བའི་སིལ་སྡོང་སོགས
དགོས་པ་ཅན་གྱི་སྡོང་བོ་གཞན་དག་དང་བསྡུར་ན
ཤུག་པའི་སྡོང་བོ་ནི་མཐོ་སྒང་དུ་སྐྱེས་པའི་ཐང་སྡོང་ཕལ་བ་ཞིག
ཡིན་ན་ཡང
ཤུག་པའི་བསིལ་གྲིབ་ཀྱི་ཐུ་འོག་ནས་འཚར་ལོངས་བྱུང་བའི་ངས
ཤུག་པའི་མཛེས་པ་མཐོང་ཞིང་ཤུག་པའི་བྱམས་བརྩེ་རྟོགས
དེའི་ཕྱིར ང་རྒྱུན་དུ་ཤུག་པ་ལ་འཁྱུད་ནས་ཡོད
ཤུག་པའི་བདེ་དྲོད་ལ་སེམས་པ་གླན་ནས་ཡོད
ཤུག་པའི་སྡོང་བོ་ནི་ཁོ་བོའི་ཡོད་ཚད་ཀྱང་ཡིན
ཤུག་པའི་སྡོང་བོ
ཁྱེད་ནི་ཞིང་གྲོང་གི་རི་སུལ་དུ་སྐྱེས་པའི
ཐང་སྡོང་རང་ཚུགས་ཅན་ཞིག་ཡིན་པས
བདག་གིས་ནམ་རྒྱུན་ཁྱེད་ཀྱི་དགེ་མཚན་གླེང་ན་འདོད
ཁྱེད་ཀྱིས་ཕྱི་རོལ་གྱི་འབྱུང་འཁྲུགས་འགོག་པར་ནུས་ལ
ཁྱེད་ཀྱིས་ནང་འཁོར་གྱི་མུ་གེ་ཡང་སེལ་བར་ནུས
གལ་ཏེ ཁྱེད་དང་ཁྱེད་ལྟ་བུའི་ཁེར་ཚུཊ་ཅན་དེ་དག་མེད་རྒྱུ་ན
རི་སུལ་འདི་མྱ་ངན་གྱི་དུར་ཐང་ཞིག་ཏུ་ངེས
ལྷག་ཏུ ང་དང་ང་ལྟ་བུའི་བྱིས་པ་སྣབས་ལུག་དེ་དག་ཡོད་མི་སྲིད་ལ
ང་དང་ང་ལྟ་བུའི་ཁྱེད་ཀྱི་དྲོད་ཁོལ་རྟོགས་མཁན་དེ་དག་ཀྱང་ཡོད་པ་ག་ལ་སྲིད
ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་མྱངས་པའི་ང
དོ་ནུབ་ཟླ་བའི་འོད་ངོགས་ནས་བླ་ཡིད་སེམས་གསུམ་པོ་ཁྱེད་ལ་སྦྱར་ནས་ཡོད
ཁྱེད་ཀྱི་ཐར་ཐོར་གྱི་ཡལ་ག་ལ་འཇུས་ནས
ཁྱེད་ཀྱི་འདས་མ་ད་གསུམ་ལ་སྐོར་བ་རྒྱག་གིན་ཡོད
དུས་བཞིའི་སོ་མཚམས་ན་འགྲེང་བའི་ཁྱེད་རང
འོད་ཐིག་བྲལ་བའི་ངན་ངོན་གྱི་འཚོ་བའི་ཀློང་ན
ཡོད་ཚད་དང་དུ་བླངས་ཤིང་ཐམས་ཅད་བློས་བཏང་ནས
ང་དང་ངའི་ཆེད་དུ་ཟག་བཞིན་པར་བསམ་ན
ཁོ་བོས་ཀྱང་རང་ཉིད་མེ་རུ་སྦར་ནས
ཁྱེད་ཀྱི་མཁའ་དབྱིངས་ལ་འོད་སྣང་བསྐྲུན་པར་ནུས
ཤུག་པའི་སྡོང་བོ
༢༠༡༠ ༡༡ ༢༥མལ་ཁང་དུ།