གངས་ལྗོངས།
---------------འཕན་བུ།ཚར་དངར་གངས་ཀྱི་རྒྱལ་མོས་དབུ་རྒྱན་ལ། །སྣང་གསལ་ཉི་ཟླའི་རྣ་ཆ་ལེགས་པར་འཕྱངས། །དལ་འགྲོ་འཇོ་སྒེག་བུ་མོའི་དབྱངས་ཀྱིས་ཀྱང་། །མཐའ་ཡས་རྒྱ་མཚོའི་མ་མའི་སྐྱེས་སུ་གྱེར། །སྣ་ཚོགས་གཏེར་གྱིས་སྦྲུམ་པའི་ནོར་འཛིན་མས། །མཛེས་ལྡན་བཞིན་གྱི་དཀྱིལ་འཁོར་བོད་ལ་དགོད། །དགའ་སྤྲོའི་གར་གྱིས་མྱོས་པའི་སྲོག་ཆགས་ཀྱང་། །ཡངས་པའི་སུམ་རྩེན་འདི་བ་ཁོ་ནར་རྩེད། །གནའ་རབས་གཙུག་ལག་རིག་པའི་འདབ་མ་ལ། །དེང་རབས་ཚན་རྩལ་དཔལ་གྱི་བཀྲག་མདངས་རྒྱན། །གནའ་དེང་ཟུང་དུ་འཇུག་པའི་སྟངས་སྟབས་ཀྱིས། །ས་གསུམ་མཁས་པའི་བུ་མོ་མགྲོན་དུ་འགུག །ཅང་ཤེས་རྟ་ཕོའི་བམ་རྩལ་རླུང་གིས་བསྐྱོད། །ཐུལ་དཀར་འབྲུ་མོའི་ངུར་སྐད་ལྷས་ལ་འཁྱིལ། །གཡང་དཀར་ལུག་གི་འབའ་སྒྲས་ས་ཆེན་སྒུལ། །རི་དྭགས་གཡུང་དུ་ཕབ་པའི་གཏམ་རྒྱུད་བྲིས། །ཞིང་ལ་ལོ་ཏོག་སྣ་ཚོགས་རབ་བཀྲ་བས། །ཡར་ལུང་རྩིས་ཀྱི་མཁན་པོ་རྨོངས་པར་བྱེད། །གསེར་མདོག་སྙེ་མའི་མགོ་ལྕོག་མ་ཐེག་ཕྱིར། །དབྱིག་འཛིན་མས་ཀྱང་ངལ་བའི་དབུགས་རིང་འབྱིན། །འདྲ་མིན་སྒྱུ་རྩལ་མངའ་བའི་མཁན་པོ་དག །གངས་ལྗོངས་མཛེས་པའི་དཔལ་གྱིས་ཡིད་མྱོས་ཏེ། །རྐང་དྲུག་འདབ་མའི་ཚལ་ལ་རབ་ཆགས་བཞིན། །བསིལ་ལྡན་གངས་ཀྱི་ཞིང་ལ་བཙན་གྱིས་འཚང་། ། ༢༠༡༥/༧/༡