ལྷ་སྐུ་བཞེངས་པ་ལ་ཡང་ཚོད་ཅིག་དགོས།
རིས་མེད་པ།
༡༽ལྷ་སྐུ་མཆོད་རྟེན་ནི་ཕན་ཡོན་ཡོད་ཚུལ་མང་པོ་མང་པོ་བཤད་དུ་ཡོད་རུང་མདོ་སྡུས་ན་བདེ་བར་གཤེགས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྐུ་ཡི་བཀོད་པ་དྲན་གསོ་བྱེད་སྤྱད་རེད། དེས་སུ་ལ་དྲན་གསོ་བྱེད་དགོས་རེད་ཟེར་ན། དད་པ་དང་ལྡན་ལ་རང་སེམས་སངས་རྒྱས་སུ་ངོ་མ་འཕྲོད་པ་རྣམས་ལ་སངས་རྒྱས་ཀྱི་སྐུ་ཡི་བཀོད་པ་དྲན་གསོ་བྱེད་དགོས། སངས་རྒྱས་དྲན་ན། དེ་ཡི་ཆེ་ཆོས་ཀུན་རིམ་བཞིན་ཤེས་པ་དང་། དེ་ནས་མོས་པས་དགེ་བའི་ལམ་དུ་འདྲེན་པ་རེད། ལྷ་སྐུ་དེ་རིགས་དགོན་པ་དང་རི་ཁྲོད་ལ་ངེས་པར་དུ་ཡོད་དགོས། དད་ལྡན་མང་ཚོགས་ཚོས་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་སྐབས། ལྷ་སྐུ་དེ་ཚོ་མཐོང་ནས་སངས་རྒྱས་ཀྱི་མཚན་དཔེ་དྲན་དུ་བཅུག་དགོས། མ་ཟད་གྲྭ་པས་སངས་རྒྱས་ཀྱི་སྐུ་ཡི་བཀོད་པ་འདི་འདྲ་དང་དེ་འདྲ་ཞིག་ཡོད་ཚུལ་དཔེར་མཚོན་བྱེད་ནས་འགྲེལ་བཤད་བྱེད་དགོས། ཁ་རོག་ཁ་རྐྱང་པས་སངས་རྒྱས་ཀྱི་མཚན་དཔེ་བཤད་པ་ལས་འདྲ་གཟུགས་དངོས་སུ་སྟོན་ནས་འགྲེལ་ན་ཧ་གོ་སླ།
༢༽ལྷ་སྐུའི་གྲངས་ག་ཚོད་ཡོད་གཅིག་བཤད་དགོས་ན། བཤད་མི་ཐུབ་པ་ཞིག་རེད། ཤེས་བྱ་ལ་མཐའ་མེད་པ་ཇི་བཞིན་དུ་སངས་རྒྱས་ལ་མཐའ་མི་སྲིད། སངས་རྒྱས་ལ་མཐའ་མེད་ན། དེ་ཡི་འདྲ་སྐུ་ཡང་མཐའ་ཅི་ལ་སྲིད། ལྷ་སྐུ་ཟེར་བ་ནི་དངོས་རྫས་ནང་ཆེས་རིགས་མང་ཤོས་ཤིག་རེད། ད་དུང་ལྷ་སའི་གཙུག་ལག་ཁང་གཙོས་པའི་ལྷ་ཁང་ཁག་གི་ནང་ལ་བླ་མ་དང་དཔོན་པོ་དེ་ཚོ་འདས་རིམ་བཞིན་དུ་འདྲ་སྐུ་བཞེངས་བཞིན་འདུག་སྟབས། དད་པའི་རྟེན་དང་དྲན་རྟེན་ཙམ་གཉིས་ཁ་ཁ་དབྱེ་མ་ཤེས་བར་མིག་གི་མཐོང་སར་རྒྱུ་སྣེ་སྡེར་ཐོག་ཅེས་པའི་དཔེ་ལྟར་བྱེད་བཞིན་འདུག་བས།
༣༽དེ་སང་ལྷ་སྐུ་བཞེངས་སྐབས་དཔལ་འབྱོར་གྱི་ཐད་ལ་ངོ་ཚ་དགོས་པའི་ལས་ཀ་མང་པོ་ཞིག་བྱེད་བཞིན་འདུག དཔེར་ན་རུས་རྒྱུད་རིང་ལུགས་འཛིན་ནས་ཉེ་འབྲེལ་ཤོག་ཁས་ལྷ་སྐུ་བཞེངས་སྲོལ། སྦྱིན་བདག་ཆེ་ཆུང་བྱེད་ནས་ལྷ་སྐུ་བཞེངས་སྲོལ། དགོན་པ་ནས་ལྷ་སྐུ་གཅིག་བཞེངས་དགོས་ཟེར་ནས་སྡེ་གསེང་དུ་འབུ་ལྡེམ་འགྲོ་སྲོལ་སོགས་རེད། འདི་ཆོས་གཞུང་ལྟར་བཤད་ན་བཤད་མི་ཤེས་པ་དང་། དུས་རབས་དང་བསྟུས་ན་མི་འཚམ་པ། མདོར་ན་དད་ལྡན་གྱི་ཁེ་དབང་བཙན་གྱིས་མི་འཕྲོག་ནས་གཡོ་ལེན་བྱས་པ་ཞིག་རེད། རྒྱུ་མཚན་ནི། དད་ལྡན་ནང་ཕར་ཚུར་འཕྲག་དོག་སློང་བ་དང་། སྤྲང་རྫུན་བྱེད་པ་འདིས་གསལ་བཤད་ཅིག་རེད།
༤༽ལག་པ་ཡར་གཟེད་ཀྱི་སྤྲང་པོ་མི་དགོས་པའི་སྒོ་ནས། དཔལ་འབྱོར་ཡོང་ཁུངས་བཟང་པོ་དང་། གཙང་པོ་ཡིན་པ་ལ་རྟེན་ནས་དགོན་པས་ལྷ་སྐུ་ཞིག་བཞེངས་དགོས། ལྷ་སྐུ་རྩ་ཆེན་དང་མཐོང་ཆེན་ཡིན་མོད། དེ་བདག་པོ་རྒྱག་མཁན་ལྷ་སྐུའི་ཕ་མ་ལྟ་བུའི་བླ་གྲྭ་དེ་ཚོ་ཡང་དེ་ལས་རྩ་ཆེན་རེད། ཐོག་མར་ལྷ་སྐུ་བདག་པོ་རྒྱག་མཁན་གྱི་སྡོད་སའི་ཁང་པ་དང་། ཁང་པའི་ཕྱི་ཡི་རྣམ་པ་དང་། ནང་གི་མཛེས་བཟོ། ཁྱིམ་ཆས། ཟས་གོས། སྨན་རིན་ཚང་མ་དགོན་སྤྱི་ནས་སྤྲད་མ་ཐུབ་ན། ལྷ་སྐུའི་ཞབས་ཕྱི་བའི་འཚོ་བ་བཙལ་མཁན་སུ་མངགས་དགོས་རེད། ཁོ་རང་ནི་ལྷ་སྐུའི་ཞབས་ཕྱི་བ་ཡིན་པ་འགྲོ་ཁོམ་མེད། དེར་བརྟེན་ལག་པ་ཡར་གཟེད་ཀྱི་སྤྲང་པོ་བྱེད་མི་དགོས་པར་བླ་གྲྭའི་འཚོ་བ་ལ་རྒྱ་ཟ་རྒྱག་འཐུང་བྱེད་རྒྱུ་ཡོད་དགོས། དེ་མེད་ན་སངས་རྒྱས་དགོས་པ་དེ་ཚོ་སངས་རྒྱས་པའི་དགེ་བ་སྒྲུབ་མི་ཁོམ་ནས་ཟ་རྒྱུའི་རྗེས་ལ་དམར་ལྷབ་བེ་ལྷུབ་བེ་བྱེད་ནས་གྲོང་གསེང་གང་སར་ཁྱི་འཁྱམ་ལྟར་རྒྱུ་བཞིན་པ་འདི་རེད། འདི་ནི་གྲྭ་པ་སྒེར་གྱི་མཚན་ཤས་མ་རེད། དགོན་པ་སྤྱི་ཡི་མཚན་ཤས་ཤིག་རེད། དཔེར་ན། དུད་ཚང་དེ་ལ་ཟ་རྒྱུ་མེད་ན་མི་རེ་རེ་བཞིན་ཟ་མ་སློང་ནས་འགྲོ་བ་དེ། དུད་ཚང་དེ་ཡི་ངོ་ཚ་རེད་མ་གཏོགས་མི་ཁེར་རུ་མ་ཞིག་གི་ངོ་ཚ་མ་རེད།
༣༽དགོན་པ་དང་རི་ཁྲོད་གང་ཡིན་ན་ལྷ་སྐུའི་རྒྱུ་ཆ་འདམ་བག་དང་གསེར་དངུལ་ཟང་སོགས་དཔལ་འབྱོར་འདོན་མིན་ལ་ལྟ་བཞིན་བཞེངས་ནས་ཁོར་ཡུག་གཙང་ཞིང་ཡིད་དུ་འོང་བ་ཞིག་དགོས། དེ་ལྟ་བུ་མང་པོ་མི་དགོས། གཅིག་ཙམ་ཡོད་ན་ལོས་ཆོག ལོས་འགྲིག དྲན་རྟེན་ཙམ་རེད་མ་གཏོགས་དམག་རྒྱག་མཁན་ལྟ་བུ་གྲངས་མང་ཉུང་ལྟ་དགོས་དོན་མེད། དད་ལྡན་ཚོས་གཅིག་ཙམ་ཡིད་ངོར་དུ་དྲན་རྟེན་བྱེད་ནས་གསལ་ལེར་མ་ཤར་པ་ལ། བརྒྱ་ཕྲག་སྟོང་ཕྲག་ཡིད་ངོར་གསལ་མི་ཐུབ། དེ་ཚོ་བཞེངས་པའི་དགེ་བ་ཙམ་ཡོད་ཆོག་རུང་དོན་ངོ་མ། གཙོ་བོ་བདེ་བར་གཤེགས་ཟིན་པའི་སངས་རྒྱས་རྣམས་དྲན་པའི་རྟེན་བྱེད་རྒྱུའི་ཆེད་དུ་རེད་མ་གཏོགས། དེ་བཞེངས་པའི་དགེ་བའི་ཆེད་དུ་མ་རེད།
༤༽དད་ལྡན་མང་ཚོགས་མང་ཞིག་གིས་དགེ་བ་སྒྲུབ་ཟེར་བ་དེ། ལྷ་སྐུ་རྟེན་གསུམ་རྣམས་སངས་རྒྱས་དྲན་པའི་རྟེན་དུ་བྱེད་ནས་དུག་ལྔ་མེད་པ་བཟོ་དགོས་རེད། ལས་ཀ་ག་རེ་ཡིན་ན། དེ་ལ་རྟེན་ནས་དུག་ལྔ་ཇེ་ཆེ་དང་ཇེ་སྦམ་བྱུང་ཡོང་འདུག་ན་ལས་ཀ་དེ་སྡིག་པའི་རྒྱུ་རེད། ཁྱོད་ཀྱིས་ལྷ་ཁང་ཁྲི་གཅིག་དང་ལྷ་སྐུ་འབུམ་གཅིག་བཞེངས་ཡོད་ན། དེ་མཚམས་རང་གི་དུག་ལྔ་སྔར་ལས་ཅུང་ཙམ་ཆུང་ཨེ་འདུག་ལྟོས་དང་། ཆུང་མེད་ན། ཁྱོད་ཀྱི་བཞེངས་པ་དེ་ཚོའི་དགོས་པ་ག་རེ་ཡིན་ཡང་ཡང་ལྟོས་ཤིག སྡིག་པ་མེད་པ་བཟོ་དགོས་ན། སངས་རྒྱས་པར་བྱེད་དགོས་ན། དགེ་བ་མང་པོའི་བདག་པོ་བྱེད་དགོས་ན། དུག་ལྔ་མེད་པ་བཟོ་དགོས་རེད། དེ་མེད་པ་བཟོས་དགོས་ན། ལྷ་སྐུ་དང་ལྷ་ཁང་། གནས་བསྐོར་ཁོ་ནས་མེད་པ་བྱེད་ཐུབ་མ་རེད། རང་སེམས་ལ་བརྟག་དཔྱད་བཏང་ནས་དུག་ལྔ་གང་ནས་ཡོང་འདུག་ལྟ་ནས། ཡོང་ས་དེ་མགོ་རྡུང་དང་ལས་སླ་པོ་རེད། མདོར་ན་ལྷ་སྐུ་བཞེངས་དགོས་རེད། བཞེངས་ཤིག ཡིན་ནའང་ལྷ་འཁོར་ཁྲི་ཕྲག་དང་སྟོང་ཕྲག་བྱེད་ནས་ལུང་པ་གང་རེ་བཞེངས་ན་མ་བཞེངས་ན། རྩྭ་འཇག་གྲངས་མཉམ་བཞེངས་རུང་ད་དུང་བཞེངས་རྒྱུ་སྣ་ཁ་མི་འདྲ་བ་དེ་ལས་མང་ཡོད་རེད། ཆོས་གཞུང་ཚུལ་བཞིན་དུ་ལྟ་ནས་དགེ་བ་སྒྲུབ་ལུགས། སྡིག་པ་སྤང་ལུགས། དུག་ལྔ་འདུལ་ལུགས་སོགས་ཐབས་ཤེས་རྙེད་དགོས། དེ་མིན་དགེ་བའི་རྒྱུ་མ་ཡིན་པའི་མཛེས་ཆོས་ཙམ་དང་། ལྟད་མོ་ལྟ་ས་ཙམ། ཕར་ཚུར་ཕྲག་དོག་གི་རྒྱུ་རུ་གྱུར་བ་སོགས་མང་ངོ་།།
- ཟིན་ཐོ་གོང་མ།སྤ་སྟོན་བསྟན་པའི་ཉི་མའི་རྣམ་ཐར་རོབ་བསྡུས།
- ཟིན་ཐོ་འོག་མ།དགོན་གྱིས་སྡེ་ཡི་རེ་བ་སྐོང་ཚུལ།