ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་གྱི་བཀའ་འགྱུར། | 2016/7/18 19:15:00

བོན་ནམ་བོད་ཀྱི་བཀའ་རིན་པོ་ཆེའི་མཚན་དང་མ་ཕྱི་ཞུ་དག་ཐད་ལ་བསམ་ཚུལ་ཞིག
རིས་མེད་པ། (ཁམས་སྟོད་སྦྲ་ཆེན།)
༡ དེ་རིང་ཉིན་བཟང་འདི་ལ་བོན་གྱི་ཤེས་རིག་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་སྨྲོས་ན་རྒྱལ་བ་གཤེན་ཚང་གི་གདུང་འཛིན་དམུ་སྲས་ཡིན་གཞིན་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་ཡིས་སྤྱིར་བོན་བསྟན་སྤྱི་དང་དགོས་སུ་བོད་དམ་བོན་གྱི་བཀའ་རིན་པོ་ཆེའི་མཚན་དང་ཕྱོགས་སྒྲིག་སྐོར་ལ་གཅིག་མཚུངས་དགོས་པའི་བཀའ་སློབ་གསེར་ཞུན་མ་དུས་ཐོག་ཆར་དང་ནད་ཐོག་སྨན་བསྩལ་བ་ལ་ཐོག་མར་འདི་ནས་གུས་པའི་ཕྱག་དང་མོས་པའི་དད་པ་སྔོན་དུ་འབུལ་བ་ལགས།
༢ བཀའ་ཡི་མཚན་གྱི་ཐད་ལ་ཞུ་ཡས་ནི། དེང་སང་བཀའ་འགྱུར་ཟེར་བའི་ཐ་སྙད་འདི་ཡོངས་ཁྱབ་རང་བཞིན་དུ་སངས་རྒྱས་དང་ཆེད་དུ་འབྲེལ་བའི་དཔེ་ཆའི་མིང་ཞིག་ལས་གང་འདོད་འདོད་ཅིག་གི་དཔེ་མིང་མིན་ལ་ཐ་སྙད་དེ་ཐོབ་ཐང་ཡང་ཡོད་མེད་བར་ཁྱད་པར་ཆེ་བའི་གནས་སུ་ལགས། དེ་བཞིན་བཀའ་ཡི་པོད་མང་ཉུང་ཐད་ལ་བརྒྱ་ཕྲག་དང་བཅུ་ཕྲག་ཡར་མར་མཉམ་དུ་ཡོད་པ་དེ་ཚོ་ལ་བཀའ་འགྱུར་ཞེས་པའི་ཐ་སྙད་བཏགས་མ་བཏགས་དབང་གིས་ཁྱད་པར་མཐོང་ཐོས་དངོས་སུ་བྱུང་བཞིན་པས་གསལ། ཡིན་ནའང་བོན་གྱི་བཀའ་རིན་པོ་ཆེ་འདི་བཀའ་འགྱུར་ཞེས་པའི་འགྱུར་དེ་མི་དགོས་པའི་ཚུལ་དང་ཡང་ན་མི་ཐོབ་པའི་ཚུལ་རྒྱུ་མཚན་དང་བཅས་མཁས་དབང་འགའ་ཞིག་གིས་བཞེད་བཞིན་གྲགས། ཁོ་བོས་མཐོང་ཕྱོགས་ལ་ཞང་ཞུང་ནས་བོད་སྐད་དུ་བསྒྱུར་བ་ལ་འགྱུར་དེ་ཐོབ་པ་མ་ཟད་དེ་ནི་བོད་མི་འགའ་ཞིག་དང་ཉེ་རབས་ཀྱི་རྗེས་སུ་སོང་བ་མ་ཡིན་པར་བོན་རང་གི་མཁས་དབང་གོང་མས་འདོད་བཞིན་ཡོད་ས་རེད། རྒྱུ་མཚན་ནི། ལྷ་སྲས་སྤར་མ་པོད༧༠པ་གཏེར་དུ་མ་སོང་བའི་བཀའ་མ<<ཕྱག་གཤེན་ཐིག་པའི་བོན་སྒོ་ལས་དཔྱད་དོན་རྒྱུ་མ་གསེར་འབུམ>>ལས“སྲིད་པ་རྒྱུད་འབྱུང་གི་ལེའུ་དང་པོའི”ཤོག་གྲངས༢༨༥ཡིག་ཕྲེང་བདུན་པའི་ནང“འདི་སངས་རྒྱས་སྟོན་པའི་ཞལ་ནས་གསུངས། །གཉེར་གཏད་པ་ལེགས་རྒྱལ་ཐང་པོར་གཏད། །འགྱུར་བོན་གྱི་ཡུལ་དུ་འགྱུར། །ལྕོ་ཀླུ་གྲུབ་སྙིང་པོས་མཛད”ཞེས་པའི་ལུང་ཚིག་འདིས་བཀའ་འགྱུར་གྱི་འགྱུར་དེ་བོན་རང་གི་མཁས་པ་སྔོན་མ་རྣམས་ཀྱིས་བོན་གྱི་ཤེས་རིག་དེ་བོད་ལ་བསྒྱུར་བའི་རྒྱུ་མཚན་གྱིས་འགྱུར་ཞེས་འབོད་བཞིན་ཡོད་པ་གསལ་འདུག རེད་དེ“བཀའ་འགྱུར”ཞེས་མཉམ་དུ་འབྲི་སྲོལ་མཁས་དབང་ཀུན་གྲོལ་རྗེས་སུ་བྱུང་ཟེར་ན་ཆོག་པའི་ཚོད་དུ་སྙམ། གོང་གི་བོན་ཡུལ་དེ་བོད་ལ་གོ་བ་གཞུང་དེའི་མཇུག་ལ་གསལ་པོ་འདུག  
༣ བཀའ་འགྱུར་གྱི་མ་ཕྱིའི་ཐད་ལ་ཞུ་ཡས་ནི། དཔེ་ཆ་མང་ཕལ་ཆེར་ལྟར་བཀའ་འགྱུར་གྱིས་བཀའ་འགྱུར་གྱི་སྐར་ཆག་ལ་མི་བལྟོས་ནས་བཀའ་འགྱུར་གྱི་དཀར་ཆག་གིས་བཀའ་འགྱུར་ལ་བལྟོས་ནས་བཤད་ན། ད་ལྟ་འཛམ་གླིང་འདིར་བོན་གྱི་བཀའ་ཕྱོགས་གཅིག་ཏུ་བསྒྲིག་བཞག་པའམ་བཀའ་འགྱུར་ཞེས་འབོད་སའི་མ་དཔེ་བྲིས་མ་ཉག་རོང་དབལ་ཁྱུང་དགོན་དུ་ཡོད་པའི་བོད་རང་གི་རྒྱལ་བའི་བཀའ་བྲིས་མ་ཚར་གཅིག་རང་ལས་མི་འདུག དཔེ་འདི་མི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་སོང་བསྡད་པ་ཞིག་མིན་རུང་འདིའི་མ་དཔེ་དེ་ཆེས་དཔེ་རྙིང་ཞིག་ཡོད་པའི་བཟོ་འདུག་པ་དེར་བརྟེན་བོད་དང་བོན་ལ་དགོས་པའི་ནོར་བུ་གང་མང་ཞིག་དཔེ་འདིའི་ནང་ལ་གསར་རྗེ་བ་རྣམས་ཀྱིས་མ་ཟིན་ནས་ལུས་འདུག མ་ཟད་ང་ཚོའི་བཀའ་རིན་པོ་ཆེ་འདི་གཞན་གྱི་དཔེ་ཆ་ལྟར་འདོན་པ་འདོན་སྤྱད་ཙམ། ཉམས་ལེན་བྱེད་སྤྱད་ཙམ་ཡང་ན་ཁ་ནས་ཀློག་བདེ་ཐབས་ཙམ་མ་ཡིན་པར་བོད་དང་བོན་པོའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་གཞན་དང་མི་འདྲ་སའི་གོ་གནས་ཅན་ཞིག་ཡིན་པ་ཡང་ངེས་དགོས་པར་སྙམ། བཀའ་འགྱུར་ཕྱོགས་སྒྲིག་འདིའི་ནང་མེད་པའི་བཀའ་གཞུང་དག་མ་རྣམས་མཉམ་དུ་སྦོམ་ན་བཀྲ་ཤིས་གཉིས་རྩེག་ལོས་ཡིན། གཞན་རྒྱལ་རོང་གི་ཤིང་པར་དེ་ཚོ་མིང་ཆེ་རུང་དོན་ལ་རྩོམ་འགྲོས་བསྒྱུར་བཅོས་བྱས་ཚར་ཡོད་ས་འདུག་པ་ཀློག་བདེ་བ་ཙམ་ལས་ལོ་རྒྱུས་རིང་བའི་བདེན་དཔང་གཙོ་བོ་ཚིག་འགྲོས་ཀྱི་ཐོག་ལ་དཔྱད་རིན་གང་ཡང་མ་མཐོང་ངོ་། །
༤ བཀའ་འགྱུར་གྱི་ཞུ་དག་ཐད་ལ་ཞུ་ཡས་ནི། སྤྱིར་དེང་སང་དཔེ་རྙིང་གང་མང་ཞིག་གི་ཡིག་འབྲུ་གློག་ཀླད་ནང་བསྟར་ནས་གང་སར་ལྡེབ་རིང་དང་དེབ་གཟུགས་སུ་སྤེལ་བཞིན་པ་འདི་དག་སྤྲོ་ཞིང་དྭངས་བའི་ངང་ནས་དགའ་བསུ་ཞུ་འོས་པ་ཞིག་ལོས་ཡིན་མོད་དེ་ནི། དེ་ཚོ་དུས་རབས་གང་གི་རྩོམ་ཡིན་མིན་དཔེ་ཆ་རང་ཐོག་ནས་བྲོ་བའི་ལྷད་མེད་ལྷན་སྐྱེས་ཀྱི་སྤོས་དྲི་དེ་མ་ཡལ་བ་བྱེ་རྒྱུ་གལ་ཆེན་ནང་གི་དོན་ཆེན་དུ་འདོད། དེ་བཞིན་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེའམ་བོད་ཀྱི་བཀའ་གཞུང་འདི་མ་ཕྱི་ནས་གློག་ངོས་ལ་ལེན་ཞིང་འགྲེམ་སྤེལ་བྱེད་སྐབས་སུ་དཔེ་བསྡུར་བྱས་ན་དཔེ་རྒྱུད་གཅིག་པ་ལ་བྲིས་པས་ཆད་ལྷག་དང་བྲིས་ཉེན་བྱས་ཡོད་མེད་ལྟ་བ་ཙམ་ལས་གཏེར་ཁ་མི་འདྲ་བ་ནས་ཐོན་པའི་གཏེར་དཔེ་རྣམས་ཕར་ཚུར་དཔེ་བསྡུར་བྱས་ན་རྩམ་པ་དང་ཆུར་བ་མར་བཅས་མཉམ་དུ་རིལ་རིལ་བཟོས་པ་དེ། རྩམ་པ་དང་ཆུར་བ་དེ་བཞིན་མར་སོགས་སོ་སོའི་ངོ་བོ་མ་བསྡད་པའི་དངོས་པོ་གཞན་ཞིག་ཏུ་འགྱུར་འགྲོ་བ་ལྟར་གཏེར་ཁ་མི་འདྲ་བ་སོ་སོ་ནས་ཐོན་པའི་ཁྱད་བོན་ངོ་མཚར་ཅན་དེ་ཚོ་སྟོང་པའི་ཀློང་དུ་རྒྱས་གདབ་པའི་ཉེན་ཆེ་བར་མཐོང་། སྤྱིར་བཏང་དཔེ་རྒྱུད་གཅིག་ཡིན་ན་དཔེ་སྔ་ཕྱིའི་ཁྱད་པར་གྱིས་གསལ་བའི་འབྲུ་ནོར་ལས་རྒྱལ་བའི་བཀའ་ལ་བྲིས་པས་བྲིས་ནོར་ཡིན་མིན་དེ་ཡང་ཧ་ཅང་གོ་དཀའ་བའི་སྦས་གནས་ཤིག་ཡིན་པ་མཁས་ལས་བྱེད་ས་ཤིན་ཏུ་ནས་དཀོན་སྟབས་གཙོ་བོ་མ་དཔེ་ཇི་བཞིན་དུ་ཐོན་ན་བསྟན་པ་རིན་པོ་ཆེ་སྲོག་འཛིན་ཐུབ་མིན་ཅི་བཤད་དགོས་སྙམ། དེ་མ་གཏོགས་ངའི་མཐོང་ཕྱོགས་ལ་དང་པོ་མ་དཔེ་ཇི་བཞིན་དུ་མི་ཡོང་ནས་ཆད་ལྷག་ནོར་གསུམ་གང་མང་བསྟར་ནོར་ཤོར། བར་དུ་དཔེ་མང་གི་ཚིག་རེ་གཉིས་རེ་གཉིས་ར་ལུག་གསེས་པ་ལྟར་བྱེད། ཐ་མ་བརྡ་གསར་པའི་ལུགས་ལ་བསྒྱུར་ཤེས་སྟངས་བསྒྱུར་བ་སོགས་ནི་བཀའ་རིན་པོ་ཆེས་སྔར་ནས་གསལ་མ་ཐུབ་པ་ཞིག་གསལ་བའི་ཕན་ཐོག་གམ་དེ་ལས་ལྡོག་སྟེ་གསལ་བ་དེ་མི་གསལ་བར་བསྒྱུར་བའི་རྒྱུ་རྐྱེན་གང་ཡོང་ཐེ་ཚོམ་མོ། ། སྔ་རབས་བོད་རང་གི་སྲོལ་ལམ་བོན་གྱི་ལམ་སྲོལ་ལ་ཡང་ཆེད་དུ་མ་དཔེ་ཇི་བཞིན་འབྲི་སྲོལ་ཡོད་པ་ལྷ་སྲས་སྤར་མ་པོད་དང་པོ<<གཡུང་དྲུང་ལས་རྣམ་པར་དག་པའི>>མཇུག་བྱང་ལས“དེས་རྨ་སྲིད་འཛིན་ལ་བྱིན། ཆད་རུང་ལྷག་རུང་བླ་དཔེ་ཇི་བཞིན་བྲིས་སོ”ཞེས་དང་དེ་བཞིན་པོད་སོ་གསུམ་པ<<སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ>>ཡི་མཇུག་བྱང་ལས“ཤད་ཐམས་ཅད་གཉིས་རྩིགས་ཡིན་ནོ། །འབྲུ་རེ་ཆད་པ་འདྲ་བ་ཡང་ཤོག་སེར་ནང་ནས་ཡང་དེ་འདྲ་ཡིན་ནོ། །དཔེ་བཙན་དུ་བྱས་པ་ཡིན་ནོ”ཞེས་དང་གཞན་བླ་མེད་གོ་འཕོང་སྒྲུབ་ཐབས་མདོ་སོགས་མང་ཞིག་ནས་གསལ་བ་ལྟར་ལགས། ང་ཚོས་རང་རྩོམ་མིན་པའི་དཔེ་རྙིང་དེ་ཚོ་འབྲི་སྤེལ་བ་ཙམ་དང་དཔྱད་བསྡུར་པ་གཉིས་སོ་སོ་རང་ཉིད་གང་ཡིན་ཁ་ཁར་ཤེས་ཟིན་རྗེས་གཞི་ནས་ལས་ལ་འཇུག་ན་ཡག་ས་རེད། དཔྱད་བསྡུར་པ་ཡིན་ན། རང་གི་མཐོང་ཚོད་ཀྱི་དཔེ་རྣམས་མི་འདྲ་ས་དང་དོགས་ཡོད་རྣམས་ལོགས་ཤིག་ཏུ་ཟིན་བྲིས་བཟོ་བ་ལས་གཞུང་དང་མཉམ་དུ་བསྲེ་མི་རུང་བར་སྙམ། འབྲི་སྤེལ་བ་ཙམ་ཡིན་ན་འབྲི་སྤེལ་ཙམ་བྱས་ན་ལས་ཀ་ཐོན་བསྡད་ཡོད་ས་རེད། དེ་མིན་འབྲི་སྤེལ་ཙམ་ལས་མི་ཤེས་མཁན་རྣམས་ཀྱིས་དཔྱད་བསྡུར་བྱེད་མདོག་ངང་ནས་མཐོང་ཐོས་ཚང་མ་དཔྱད་ཡིག་ཟུར་དུ་མི་བྲི་ནས་མ་ཕྱི་དང་མཉམ་དུ་སྲེ་གཏོང་མཁན་ཡོད་ཀྱི་མ་རེད་ལ་དེ་ལྟར་བྱས་ན་འགྲིག་ས་མ་རེད་སྙམ་སོང་། རྒྱུ་མཚན་ནི། གཞན་རྩོམ་ལ་གཞན་རྩོམ་གྱི་ཐོབ་ཐང་འཇོག་ནས་ལྷད་མི་བསྲེ། རང་གི་མཐོང་ཚོད་དང་བསམ་ཚུལ་རྣམས་ཁ་གཙང་ལོགས་ཤིག་ཏུ་བྲིས་ན་བསམ་བཞིན་འདུག་ཅེས་རྒྱལ་བ་གཤེན་རིན་པོ་ཆེ་ཡི་བཀའ་ཡིག་མཐོང་བའི་དགའ་ཚོར་དབང་གིས་བཀའ་རིན་པོ་ཆེ་ཞབས་ཕྱི་ཅུང་ཟད་བྱས་པའི་ཟུར་ནས་མཐོང་ཚོད་ཙམ་དུ་ཤོར་སོང་། གཞན་བཤད་ཅིང་གླེང་བར་འོས་མཁན་སྤྱིར་བོན་བསྟན་སྤྱི་ཡི་འགན་འཛིན་མཁན་སློབ་གཤེན་གསུམ་ལྟ་བུ་ག་ལ་ཡིན་ཏེ་མིན་ལ་དེ་བཞིན་བརྩོན་འགྲུས་ཚེགས་དང་ཡོད་བྱེད་རྒྱུ་གང་ལ་ཡང་རྒྱལ་བའི་བཀའ་རིན་པོ་ཆེ་ཡི་ཆེད་དུ་གཏོང་མཁན་གྲལ་དུ་མིན་སྟབས་འདི་ནས་མ་ཡིན་ཡིན་མདོག་ངང་འཚང་ཁ་བྱེད་པའི་བཟོ་ལྟ་བུ་གྱུར་སོང་བ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་དང་རྒྱུ་ཚེགས་བཀའ་ཡི་དོན་ལ་འབུལ་མཁན་ཡོངས་ལ་དགོངས་དག་ལན་བརྒྱར་ཞུ་ཞུ།
ཡབ་གཞིས་དགེ་མིང་པ་ཤེས་རབ་མཐར་ཕྱིན་གྱིས2016-6-6

Re:བོན་གྱི་བཀའ་འགྱུར། | 2016/9/29 10:19:32
སྐུ་མགྲོན་Kof6IU(སྐུ་མགྲོན)ཁྱེད་དང་འབྲེལ་བ་བྱ་འདོད་པས། འབྲེལ་གཏུག་ཁ་པར་སོགས་འཇོག་རོགས།
རྩོམ་པ་པོ།:སྐུ་མགྲོན་Kof6IU(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.