ཧོར་རྒྱལ་སྲས་བསོད་ནམས་རྒྱལ་མཚན།
དེ་ཡང་གོ་ལ་མང་ཞིང་དག་པའི་ནང་ནས་གླིང་འདིར་སྣོད་བཅུད་གྲོལ་ཚུལ་མང་ཞིང་བཤད་རུང་མདོར་ན། དང་པོ་སྟོང་ཞིང་མི་མཐའ་བྲལ་བའི་ཀློང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་ལས་ཁད་དང་རིམ་གྱིས་མས་ནས་ཡར་ཆགས་དགོས་པ་དང་། དེ་ཡི་སྟེང་ནང་བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་སྲོག་གིས་བསྡུས་པ་འདི་དག་གོ་ལ་འདི་ནས་དར་ཞིང་རྒྱས་པར་རིག་པས་གྲུབ། འོ་ན་འོད་གསལ་གྱི་ལྷ་ནས་མས་ཆད་ཅིང་དར་ཟེར་མེད་དམ་ཟེར་ན། དེ་ནི་གོང་མའི་རྣམ་ཤེས་འོག་མའི་གནས་སུ་སྐྱེ་བ་སློང་པ་ཙམ་ལས་མིན། སྐབས་སུ་བབ་པའི་བཤད་རྒྱུ་ནི་ནག་ཆུ་སྦྲ་ཆེན་ས་ཁུལ་དུ་རྒྱལ་རབས་ཉི་ཤུའི་ལོ་རྒྱུས་ལྡན་པའི་ཧོར་ཚོ་པ་སོ་དགུའི་སྤྱི་ཁྱབ་ཆེན་མོའི་རྒྱལ་རྒྱུད་ཀྱི་བྱུང་བ་བཤད་ཀྱི་ཡིན། ཐོག་མར་གྲོལ་བའི་ཕུག་ཡབ་སྲིད་པ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ཞེས་ཡབ་ཡུམ་གྱི་བརྡ་རུ་སྦྱར་བའི་དྲོད་རླངས་སྣ་ཚོགས་ཀྱིས་ལས་སུ་གྲུབ་པའི་སྲས་མིང་སྲིང་བཅོ་བརྒྱད་འཁྲུངས། དེ་ཀུན་གྱི་གཅེན་པོ་སྲིད་རྗེ་འབྲང་དཀར་དང་ལྷ་མོ་ཀོང་གྲག་གཉིས་ཀྱི་སྲས་ལྷ་རབས་གཉན་རུམ་རྗེ་འཁྲུངས། དེ་དང་སྲིད་ལྕམ་ལེ་དུར་གཉིས་ཀྱི་སྲས་མ་མྱེས་གནམ་ལྷ་དཀར་གསུམ་འཁྲུངས། དེ་དང་སྲིད་ཟ་ལྷ་མོ་ཐང་གཉིས་ཀྱི་སྲས་ལྷ་བུ་གནམ་ཐེན་འཁྲུངས། དེ་དང་གཡུང་དྲུང་ཡ་རབས་རྒྱལ་མོ་གཉིས་ཀྱི་སྲས་ལྷ་བུ་རྒྱུང་ཐེན་འཁྲུངས། དེ་དང་ལྷ་མོ་གསས་སྐྱེད་མ་གཉིས་ཀྱི་སྲས་ལྷ་བུ་སྤྲིན་ཐེན་འཁྲུངས། དེ་དང་ལྷ་མོ་དཔལ་བསྐྱེད་མ་གཉིས་ཀྱི་སྲས་ལྷ་བུ་ཆར་ཐེན་འཁྲུངས། དེ་དང་ལྷ་མོ་གོས་དཀར་མ་གཉིས་ཀྱི་སྲས་ལྷ་བུ་མདའ་ཐེན་འཁྲུངས། དེ་དང་ལྷ་མོ་ཚེ་འཛིན་མ་གཉིས་ཀྱི་སྲས་ལྷ་བུ་དྲུམ་ཐེན་འཁྲུངས། དེ་དང་ལྷ་མོ་རྩ་དཀར་བདག་མོ་གཉིས་ཀྱི་སྲས་ལྷ་བུ་མོང་ཐེན་འཁྲུངས། དེ་དང་ལྷ་མོ་ཕྱྭ་གཡང་བདག་མོ་གཉིས་སྲས་ལྷ་བུ་བལ་ཐེན་འཁྲུངས། དེ་དང་ལྷ་མོ་ཞིམ་དགུའི་བདག་མོ་གཉིས་ཀྱི་སྲས་ལྷ་བུ་གཙུག་ཐེན་རྒྱལ་བ་འཁྲུངས། དེ་དང་དམུ་ཟ་དུང་ལྕམ་རལ་མོ་ཆེ་གཉིས་ཀྱི་སྲས་ཡབ་སྟག་ཆ་འལ་ལོལ་འཁྲུངས། དེ་དང་འཚམས་ཟ་གཉིས་ཀྱི་སྲས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་འཁྲུངས། དེ་དང་དམུ་བཙན་རྒྱལ་མོ་གཉིས་ཀྱི་སྲས་ལྷེའུ་[ལྷ]རྗེ་མཆེད་བདུན་འཁྲུངས། བདུན་ཚིགས་ཁྲི་སད་འབར་བ་དེ་དང་དམུ་ཟ་གཉིས་མཐིང་མ་གཉིས་ཀྱི་སྲས། རྗེ་གཉའ་ཁྲི་བཙད་པོ་འཁྲུངས། ཡར་ལུང་སོག་ཀར་མཁར་ལ་སྔ་བ་ཤམ་པོ་དགུ་བརྩེགས་བརྩིགས་ནས་བོད་སྤྱི་ཡི་རྒྱལ་པོ་ཐོག་མའོ། འདིའི་ཡན་ཁོད་པོ་བློ་གྲོས་ཐོག་མེད་ཀྱིས་གཏེར་ནས་བཏོན་ཞིང་གློག་རྡུལ་དཔེ་སྒྲིག་པ་ཁྲི་བསོད་བསྟན་གྱིས་ཞུས་སྒྲིག་བྱས་པའི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལྟར་དུ་བཀོད་པ་ཡིན། དེ་དང་གནམ་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་འཁྲུངས། དེ་དང་ས་དིང་དིང་མ་གཉིས་ཀྱི་སྲས་བོད་རྒྱལ་གསུམ་པ་དིང་ཁྲི་བཙད་པོ་འཁྲུངས། དེ་དང་སོ་ཐམ་ཐམ་མམ་སེ་བཟའ་སྨན་གཉིས་ཀྱི་སྲས་བོད་རྒྱལ་བཞི་པ་སོ་ཁྲི་བཙད་པོ་འཁྲུངས། དེ་དང་དོག་མེར་མེར་རམ་དར་བཟའ་ཞང་ཞུང་མ་གཉིས་ཀྱི་སྲས་བོད་རྒྱལ་ལྔ་པ་མེར་ཁྲི་བཙད་པོ་འཁྲུངས། དེ་དང་བདགས་ཀྱི་ལྷ་མོ་གཉིས་ཀྱི་སྲས་བོད་རྒྱལ་དྲུག་པ་བདག་ཁྲི་བཙད་པོ་འཁྲུངས། དེ་དང་སྲིབ་ཀྱི་ལྷ་མོ་གཉིས་ཀྱི་སྲས་བོད་རྒྱལ་བདུན་པ་སྲིབ་ཁྲི་བཙན་པོ་འཁྲུངས། འདིའི་ཡན་སྲིད་པ་རྒྱུད་ཀྱི་ཁ་བྱང་རུ་ཀོང་པོ་དེ་མོའི་བྲག་བརྐོས་ཀྱི་ཡི་གེ་དང་མཐུན་པར་སྣང་རུང་ཡོངས་གྲགས་སུ་གནམ་གྱི་ཁྲི་བདུན་འདོད་ཚུལ་དང་མཐུན་པའི་བློ་བཟང་གློག་རྡུལ་ཚིག་མཛོད་ནང་གི་ཤར་རྫ་རིན་པོ་ཆེ་ཡིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལྟར་དུ་བཀོད་པ་ཡིན། དེ་དང་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་བོད་རྒྱལ་བརྒྱད་པ་དྲི་གུམ་བཙད་པོ་འཁྲུངས། དེ་དང་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་གཉིས་ཡོད་པའི་༼གསུམ་ཟེར་རུང་བདེན་པར་མ་མཐོང་།༽ཆུང་བ་ཉ་ཁྲི་ཡར་ཀླུང་ནས་ཀོང་པོར་བྱོན་ནས་གཱ་མ་རལ་བཙུན་མོར་བཞེས་ནས་སོག་ཡུལ་དུ་ཕེབས་ཤིང་བེ་ཏ་ཞེས་པའི་ཡུལ་སྡེའི་དཔོན་དུ་བཀོས་ནས་མཚན་དུ་བོར་ཏ་ཆེ་ནོ་ཞེས་སུ་གྲགས། འདིའི་ཡན་བློ་བཟང་གློག་རྡུལ་ཚིག་མཛོད་ནང་གི་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་སྟེ་སྒྲིག་པའི་《དུང་དཀར་ཚིག་མཛོད་ཆེན་མོ》ལྟར་དུ་བཀོད་པ་ཡིན། དེ་གཉིས་ཀྱི་སྲས་བཱ་དཱ་ཆཱི། དེའི་བུ་ཐམ་ཆག དེའི་བུ་ཁྱི་ཇེ་མེར་ཁན། དེའི་བུ་ལ་འུར་བྱང་སྦོ་རོ་འོལ། དེའི་བུ་པས་ཀ་ནི་དུན། དེའི་བུ་སེམས་ཟའུ་ཇི། དེའི་བུ་ཁ་ཆུ། དེའི་བུ་དོ་བུན་མེར་ཁན། དེའི་བུ་བོ་དོན་ཆར་མུང་ཁན། གཞུང་ལས་རྫུས་བུ་ལྟར་བཤད་རུང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གོང་གི་བུ་ཡིན་སྲིད་པར་བཞད། དེའི་བུ་གའི་ཆི། དེའི་བུ་སྦེ་ཁིར། དེའི་བུ་དུམ་བི་ནའི་ཁན། དེའི་བུ་ག་བུ་ལ་ཁན། དེའི་བུ་ཁོར་དོག་ཤིང་། དེའི་བུ་དུམ་བི་ནའི་ཁན། དེའི་བུ་ག་བུ་ལ་ཁན། དེའི་བུ་བར་ཐན་བ་དུར། དེའི་བུ་ཡེ་སུར་ག་བ་དུར། དེ་དང་བཙུན་མོ་ཧོ་ལུན་གཉིས་ཀྱི་སྲས་ལྔ་ཡི་ཆེ་བ་ཧོར་ཇིང་གེར་རྒྱལ་པོ་འཁྲུངས། ཡོན་སོག་པོའི་ཁྲི་རབས་དང་པོ་དང་སོག་པོ་གཅིག་གྱུར་གྱི་མཛད་རྗེས་བཞག དེ་ལ་སྲས་དགུ་ཡོད་པའི་བདུན་པ་ཨོ་ག་ཏ་ཡིས་རྒྱལ་ས་བཟུངས། དེ་ལ་སྲས་བདུན་ཡོད་པའི་ནང་ཚན་གོང་མ་སེ་ཆེན་རྒྱལ་པོ་ཡོང་གོང་མའི་ཁྲི་རབས་དང་པོ་དང་སོག་གི་རྒྱལ་རབས་ལྔ་པ་ཡིན། འདིའི་ཡན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བའི་ཚལ་པ་ཀུན་དགའ་རྒྱལ་མཚན་གྱིས་རྩོམ་པའི་《དེབ་ཐེར་དམར་པོ་》ལྟར་དུ་བཀོད་པ་ཡིན། དེའི་སྲས་བཞི་ཡོད་པའི་ཆེ་འོག་ཇི་གིན་རྒྱལ་ས་བཟུངས། དེ་ལ་སྲས་གསུམ་ཡོད་པའི་འབྲིང་བ་དྷརྨ་ཕ་ལ་ཡིས་རྒྱལ་ས་བཟུངས། དེ་ལ་སྲས་གཉིས་ཡོད་པའི་ཆུང་བ་ཨུ་སུ་ཐཱ་བུ་ཡིས་རྒྱལ་ས་བཟུངས། དེ་ལ་ཡང་སྲས་གཉིས་ཡོད་པའི་ཆེ་བ་རྒེ་གན་ཡིས་རྒྱལ་ས་བཟུངས། སྤུན་གཉིས་ཟུང་དུ་བཙུན་མོ་ཧུང་ཐ་ཡི་སྲས་ཆེ་བ་ཇིང་གེར་ལྗང་ཏོ་ཐཱ་ཇི། འབྲིང་བ་ཐོག་ན་ཐིས་མུར་ཐ་ཇི། ཆུང་བ་གུ་རོང་ཨོ་ལོན་ཐཱ་ཇི། འབྲིང་བས་ཡབ་ཀྱི་རྒྱལ་ས་བཟུངས། འདིའི་ཡན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་བའི་ཧོར་སྤྱི་ཁྱབ་རྒྱལ་རབས་བཅུ་གསུམ་པ་ལྷ་མཁར་བསྟན་རྒྱལ་གྱི་སྲས་ནམ་མཁའི་རྒྱལ་པོས་རྩོམ་པའི་《ཇིང་གེར་ཧོར་གྱི་རྒྱལ་རབས་ཉི་ཟེར་དོན་འདུས་དྲ་བ་》ལྟར་དུ་བཀོད་པ་ཡིན། ཆུང་བས་རོགས་མི་དྲུག་ཁྲིད་ནས་ད་ལྟའི་སྦྲ་ཆེན་ས་ཆར་བསླེབས་ཤིང་མདའ་རྩལ་དང་ཕོད་ཤེད་སོགས་གང་གི་ཐོག་ནས་ཁ་གཏད་མ་ཆོར་ཞིང་དཔོན་དུ་བཀོས། ཁོང་ནི་སོག་ཡོན་རྒྱལ་རབས་བཅུ་པ་དང་ཡོན་གོང་མ་ཁྲི་རབས་དྲུག་པའི་སྤུན་ཡ་ཆུང་བ་དང་ཧོར་སྤྱི་ཁྱབ་རྒྱལ་རབས་དང་པོ་ཡིན། འདི་ཡི་ནང་ལ་ཡོན་གོང་མའི་རྒྱལ་རབས་དགུ་པའི་སྤུན་ཡ་ཡིན་ཟེར་རུང་ནོར་འདུག སོག་ཡོན་རྒྱལ་རབས་ཀྱི་དཔོན་རབས་བཅུ་པ་དང་ཡོན་གོང་མའི་ཁྲི་རབས་དྲུག་པའི་སྤུན་ཡ་རེད། སོག་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཧོར་ཇིང་གེར་རྒྱལ་པོ། གཉིས་པ་ཨོ་ག་ཏ། གསུམ་པ་གོ་ཡུག བཞི་པ་མོང་གོལ་གན། ལྔ་པ་དང་ཡོན་གོང་མའི་ཁྲི་རབས་དང་པོ་སེ་ཆེན་རྒྱལ་པོ། དྲུག་པ་དང་གཉིས་པ་ཇི་གིན་རྒྱལ། བདུན་པ་དང་གསུམ་པ་དྷརྨ་ཕ་ལ་རྒྱལ། བརྒྱད་པ་དང་བཞི་པ་ཨུ་སུ་ཐཱ་བུ་རྒྱལ། དགུ་པ་དང་ལྔ་པ་རྒེ་གན་རྒྱལ། བཅུ་པ་དང་དྲུག་པ་ཐོག་ན་ཐིས་མུར་ཐ་ཇི་བཅས་ཡིན། སྤྱི་ཁྱབ་རྒྱལ་པོ་འདི་ཡི་མཚན་ལ་དགྱ་ནག་སྐད་དུ་གསེར་གྱི་བུ་ཆུང་ཨེར་ཏི་ཅོག་ལ། ཧོར་སོག་པོའི་སྐད་དུ་གུ་རོན་ཨོ་ལོན། བོད་སྐད་དུ་ཧོར་ཀུན་ལས་རྒྱལ་ཞེས་ཟེར། རྒྱལ་ས་འཆམ་ཆུ་མར་ཁར་མཁར་ལྷ་རྩེ་རྫོངས་ཞེས་གྲགས། ཁ་བཟའ་ཞིག་བཙུན་མོར་བཞེས། སྐུ་སྲས་མ་བྱུང་བ་སླར་སོག་ཡུལ་ནས་སྐུ་མཆེད་ཐོག་ན་ཐིས་མུར་ཐ་ཇི་ཡི་སྲས་འབྲིང་བ་ཨུ་ཡུག་རྒྱལ་གདན་དྲངས་ནས་རྒྱ་སྟོང་སྡེ་བའི་སྲས་མོ་འགུ་རུ་སྐྱིད་བཙུན་མོར་བཞེས། རྒྱལ་རབས་གཉིས་པ་ཡིན། ཁོང་དང་མཉམ་པོར་སོག་ཡུལ་ནས་གེ་བ། ན་ཁ། གེབ་ལྕགས། སྟག་པ། ཚ་བ། སེ་དོར། ཁོར་མོན། ཐི་ཁ། ཨབ་ཤ། ཐེ་ལས། ཨ་ཅ། ཁོར་ཙ། ཚག་ཁ། རྗེས་ཚང་། ཇོ་མ་སོགས་དུས་ཚང་བཞི་བཅུ་སྡེ་སྐལ་དུ་ཁྲིད་ཡོད། དེ་གཉིས་ལ་སྲས་བཞི་ཡོད་པའི་ཆེ་བ་རྒྱལ་པོ་དམར་པོས་རྒྱལ་ས་བཟུངས། ཁོང་ལ་ལྟག་རྒྱབ་ཤ་མདོག་དམར་པོའི་ཤ་མཚན་ཡོད་པ་དེའི་ཚུན་ཆད་གདུང་རྒྱུད་འདི་ལ་ཧོར་རྒྱལ་པོ་དམར་པོའི་གདུང་རྒྱུད་དམ་ཧོར་དང་དམར་པོ་གཉིས་ཀྱི་བར་སྒྲུང་ལྟར་བཅོས་ཤིང་ཧོར་ཤེན་པའི་མིང་ཚད་བཅུག་ནས་ཧོར་ཤེན་པ་དམར་པོའི་གདུང་རྒྱུད་ཀྱང་ཟེར། རྒྱལ་རབས་གསུམ་པ་ཡིན། དེའི་སྲས་ཡ་ག་ཕྱུག་རྒྱལ་རབས་བཞི་པ། དེའི་སྲས་རྒྱལ་པོ་ཕག་མོ་རྒྱལ་རབས་ལྔ་པ། དེ་ལ་སྲས་གཉིས་ཡོད་པའི་ཆེ་བ་བསོད་ནམས་རྒྱལ་རྒྱལ་རབས་དྲུག་པ། དེ་དང་གེབ་བཟའ་གངས་སྐྱིད་གཉིས་ལ་སྲས་བཞི་ཡོད་པའི་ཆེ་བ་ཧོར་སྟག་ལས་རྒྱལ་ས་བཟུངས་བ་རྒྱལ་རབས་བདུན་པ། དེ་དང་གཙང་བཟའ་ཞི་ཁྲོ་དཀར་མོ་གཉིས་ཀྱི་སྲས་བདུན་ཡོད་པའི་ཆུང་བ་ཧོར་བཀྲ་ཤིས་ཀྱིས་རྒྱལ་ས་བཟུང་བ་རྒྱལ་རབས་བརྒྱད་པ་ཡིན། ཧོར་ཚོ་སོ་དགུ་གཅིག་སྒྲིལ་མཛད། ཧོར་ཚོ་སོ་དགུ་ནི། རྡོར་སྟོད། དཀར་སྨད། སྒར་ཁོངས། རྡོར་སྨད། ནག་རུ། དཀར་སྟོད། ཉིན་ཐ། ཉིན་མོ། དམར་རོང་། བྱ་ཟེ། དམར་རུ། སྲིབ་ཐ། འདྲི་དག རལ་གསུམ། ཁྲི་ར། ཁྲོམ་ཚང་། ནེམ་ཚ། ཡང་པ། དམར་ཞུ། ཡེ་ཐ། དྲུག་བཅུ། སྡོམ་པ། རྡོ་བ། སྒང་རུ། བོན་ཐ། སེར་ཚ། བོམ་ཕན། རྟ་པ་ནོར་མ། འབྲོག་ཤོག བུ་རྫུམ། ཁྲ་རིང་། སྟག་དྲུག སོག་སྡེ། ནག་རོག འབྲི་རུ། རག་ཤི། ཨར་སྨད། གེ་མོ། བེ་རི་བཅས་སོ། དེ་དང་ག་བཟའ་བོ་སྟོང་གཉིས་ཀྱི་སྲས་དྲུག་ཡོད་པའི་ཆུང་བ་དཀོན་མཆོག་རྒྱལ་ཡབ་ཀྱི་གདན་ས་བསྐྱངས། རྒྱལ་རབ་དགུ་པ་ཡིན། རྒྱལ་ས་སྦྲ་ཆེན་ནམ་བ་ཆེན་དུ་སྤོས། དེ་དང་ནང་ཆེན་བཟའ་འགུར་སྒ་གཉིས་ལ་སྲས་གཉིས་ཡོད་པའི་ཆུང་བ་ཇོ་བོ་རྒྱལ་གདན་ས་བཟུངས། རྒྱལ་རབས་བཅུ་པ་ཡིན། དེ་དང་ཡང་ནང་ཆེན་བཟའ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་ཁྲི་དཔོན་རྒྱལ་ཡབ་ཀྱི་གདན་ས་བསྐྱངས་བ་རྒྱལ་རབས་བཅུ་གཅིག་ཡིན། ཁ་ཅིག་གིས་ཐཱ་ཇིའི་གོ་གནས་དང་སྤྱི་ཁྱབ་རྒྱབ་རབས་གཉིས་གཅིག་ཏུ་ནོར་ནས་ཐཱ་ཇིའི་གོ་གནས་ཡོད་པའི་ཧོར་དབང་ལུ་དང་ཧོར་ལྷ་རྒྱལ་དར་གཉིས་མནན་ནས་རྒྱལ་རབས་བཅུ་གསུམ་ཟེར་བཞིན་འདུག འདི་རྣམས་སོག་གི་ཐཱ་ཇི་བཅུ་གསུམ་ཟེར་བའི་དབང་ཐོབ་བམ་མིང་གནས་ཡོད་པ་མ་ཟད་ཆེ་ཐོབ་ཀྱི་ཡིག་ཚང་ཡང་མང་པོ་ཡོད་པར་བཤད། ཧོར་ཀུན་ལ་རྒྱལ་ནས་འདི་ཡན་ཧོར་ཚོའི་ས་ཁུལ་འདིར་སོག་དུས་ཞེས་འབོད་སྲོལ་འདུག ཇོ་བོ་རྒྱལ་གྱི་ཆུང་མ་ག་བཟའ་སྔོན་མོ་ལ་སྲས་བཞི་ཡོད་པའི་ཆེ་འོག་ཁྲི་རྒྱལ་རྗེ་བཙན་གདན་ས་བཟུངས་བ་རྒྱལ་རབས་བཅུ་གཉིས་པ་ཡིན། ཚོ་པ་སུམ་ཅུ་སོ་དགུ། དེམ་ཆུ་ཉི་ཤུ་རྩ་ལྔ། ནག་ཤོད་ཚོ་དྲུག་སོགས་ཀྱི་སྤྱི་ཁྱབ་མཛད་པ་གོ་མིང་ལ་བུ་ཧུ་ཆེན་མོ་ཞེས་གསོལ་ཞིང་ཆིང་གོང་མའི་བློན་ཆེན་གྱི་གྲལ་དུ་ཡོད་པར་བཤད། དེམ་ཆུ་ཉི་ཤུ་རྩ་ལྔ་ནི། ཟུར་མང་བེ་ཧུ་ཅང༌། ར་སྡ་བེ་ཧུ་ཅང༌། བུ་ཆེན་བེ་ཧུ་ཅང༌། ཁྲི་འདུ་བེ་ཧུ་ཅང༌། ཞེའུ་བེ་ཧུ་ཅང༌། ཉ་མཚོ་བེ་ཧུ་ཅང༌། གུ་ཚ་བེ་ཧུ་ཅང༌། སུ་རུག་བེ་ཧུ་ཅང༌། འབྲོང་སྟོད་བེ་ཧུ་ཅང༌། འབྲོང་སྨད་བེ་ཧུ་ཅང༌། དགེ་རྒྱལ་སྟོད་མ་བེ་ཧུ་ཅང༌། བར་མ་བེ་ཧུ་ཅང༌། ཡག་ར་བེ་ཧུ་ཅང༌། བེ་རུ་ཆུང་ཤུལ་བེ་ཧུ་ཅང༌། ཡུལ་ཤོས་བེ་ཧུ་ཅང༌། ཆུ་ལེན་ཏོལ་ཏོའི་བེ་ཅང༌། དུམ་པ་བེ་ཅང༌། གྲྭའུ་ནན་ཤལ་བེ་ཅང༌། ཧར་ཤུལ་བེ་ཅང༌། རྒྱལ་བཟང་བེ་ཅང༌། དགེ་འདུས་བེ་ཅང་། དེའི་སྟེང་དུ་དཔོན་ཆེན་ཁག་བཞི་བསྣན་ན། གྲཱའུ་མེར་རྒན་ཐཱ་ཇེ་བེ་ཧུ་ཅང༌། དགེ་རྒྱལ་སྨད་མ་བེ་ཧུ་ཅང༌། རོང་པོ་བེ་ཧུ་ཅང༌། རག་ཤུལ་བེ་ཧུ་ཅང་ཏེ་དཔོན་ཆེན་ཁག་བཞི་བཅས་དེམ་ཆུ་ཉེར་ལྔའོ། ནག་ཤོད་ཚོ་དྲུག་ནི། སྟག་དྲུག འབྲི་རུ། འགོམ། བོ་ཕན། རག་ཤི། ཁྲ་རིང་། བཅས་སོ། དེ་དང་ག་བཟའ་གཡང་འཛོམས་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་ལྷ་མཁར་རྒྱལ་ཡབ་ཀྱི་གདན་ས་བསྐྱོངས། རྒྱལ་རབས་བཅུ་གསུམ་ཡིན། ཁོང་གི་ཆེ་མ་གཤེན་བཟའ་དཔལ་འཛིན་ལ་སྲས་གཉིས་ཡོད་པའི་ཆེ་བ་ཚེ་རིང་རབ་བརྟན་གྱིས་གདན་ས་བསྐྱོངས། རྒྱལ་རབས་བཅུ་བཞི་ཡིན། དེ་རྗེས་ཆུང་མ་ཁོར་བཟང་ལྷ་མོ་ལ་སྲས་གསུམ་ཡོད་པའི་ཆུང་བ་ཚེ་རིང་དབང་རྒྱལ་གྱིས་གདན་ས་སྐྱོང་བ་རྒྱལ་རབས་བཅོ་ལྔ་ཡིན། དེ་ལ་སྲས་གསུམ་ཡོད་པ་ཁྲི་དབང་རབ་བརྟན་གྱིས་གདན་ས་བསྐྱངས་བ་རྒྱལ་རབས་བཅུ་དྲུག་ཡིན། དེ་ལ་སྲས་གསུམ་ཡོད་པའི་ནང་ནས་ཆེ་བ་ནོར་བུ་དབང་རྒྱལ་གྱིས་རྒྱལ་ས་བཟུངས། རྒྱལ་རབས་བཅུ་བདུན་ཡིན། དེ་རྗེས་སྤུན་འབྲིང་བ་རྣམ་རྒྱལ་དབང་འདུས་ཀྱིས་གདན་ས་བསྐྱངས་པ་རྒྱལ་རབས་བཅོ་བརྒྱད་ཡིན། སྤུན་ཆུང་བ་དཔོན་བཀྲ་ཤིས་དབང་རྒྱལ་སྤྱང་མཐིང་གོང་དུ་དཔོན་ཚོང་གི་གཞིས་ས་བཟུངས་ནས་དྲུག་བཅུའི་དཔོན་འགན་བཞེས། དེ་ལ་སྲས་གཉིས་ཡོད་པའི་ནང་ཚེ་དབང་ལྷ་རྒྱལ་གྱི་གདན་ས་བཟུངས། རྒྱལ་རབས་བཅུ་དགུ་ཡིན། བོད་མེ་རྟའི་ཟླ་བ་༡༢པའི་ཚེས་༢༦མཚན་མོར་རྐྱེན་འདས་སུ་ཤོར། རྒྱལ་རབས་བཅུ་གཉིས་པ་བེ་ཧུ་ཁྲི་རྒྱལ་རྗེ་བཙན་ནས་ཚེ་དབང་ལྷ་རྒྱལ་ཡན་དགྱ་ནག་པོའི་ཆེ་ཧུ་བརྒྱད་ཟེར་ཞིང་གླེང་འོས་པའི་མཛད་པ་མང་ལ་ཆིང་གོང་མས་གཟིགས་བཟོས་ཀྱང་ཡང་ཡང་སྩལ་ཚུལ་འདུག འདི་ཡན་ཧོར་ཚོའི་ས་ཁུལ་འདིར་དགྱ་དུས་ཟེར་སྲོལ་གདའ། དེ་རྗེས་ཡེ་ཐ་ཧོར་ནོར་བུ་དབང་རྒྱལ་དང་ཧོར་ཚེ་དབང་བསྟན་འཛིན་སྐུ་མཆེད་གཉིས་ཀྱིས་རྒྱལ་རབས་ཉི་ཤུ་པ་དང་ཉེར་གཅིག་པ་མཛད། འདིའི་ཡན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤར་བའི་ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་འདམས་བསྒྲིགས་ལས་བཀྲ་བ་སོགས་ཀྱིས་རྩོམ་པའི་《ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས་》ལྟར་དུ་བཀོད་པ་ཡིན། དེ་རྗེས་ཧོར་ཚོའི་ས་ཁུལ་དུ་བོད་དུས་ཟེར་བའི་བོད་སྡེ་པ་གཞུང་གིས་དབང་སྒྱུར་གྱི་དུས་སྐབས་ཡིན། ཧོར་སྤྱི་ཁྱབ་རྒྱལ་པོའི་ཚབ་ཏུ་མཁན་ཆུང་གྲགས་པ་རྣམ་རྒྱལ་སོགས་རིམ་བཞིན་མི་སྣ་དགུ་ཡིས་མཛད་མྱོང་། ཧོར་ཚེ་དབང་ལྷ་རྒྱལ་གྱི་སྲས་ཧོར་རྒྱལ་སྲས་བསོད་ནམས་རྒྱལ་མཚན། རྒྱལ་རབས་ཉེར་གཉིས་ཡིན། ཁོང་དང་ཆེ་མ་སྐོམ་བཟའ་ཉི་འོད་གཉིས་ཀྱི་སྲས་གཡུང་དྲུང་རྒྱལ་བ་མཆོག་སྤྱི་ཁྱབ་རྒྱལ་རབས་ཉེར་གསུམ་དང་སོ་བརྒྱད་མཁན་རབས་གསུམ་པ་ཀླུ་ཕུག་དགོན་ཆེན་གྱི་མཁན་རབས་དགུ་པ་མཛད། ཆུང་མ་ག་བཟའ་ཟླ་འོད་ཀྱི་སྲས་ཧོར་སྟོབས་མཆོག་དབང་ལྡན་ཡབ་ཚང་གི་གདན་ས་བཟུངས་ཡོད། དེ་དང་སྐོམ་བཟའ་ཚེ་གཡང་དཔལ་མོ་གཉིས་ཀྱི་སྲས་ལྕམ་སྲིང་དྲུག་ཡོད་པའི་སྲས་ཆེ་བ་ཚེ་དབང་ཀུན་འབྱུང་མཆོག་ཀུན་བཟང་བསོད་ནམས་དཔལ་མོ་བཙུན་མོར་བསུས་ཤིང་ཡབ་གཞིས་བཟུངས་ནས་བཞུགས་ཡོད། ཁོང་ནི་ད་ལྟའི་མི་ཐོག་ཡིན། མཇུག་ཏུ་གསལ་བཤད་ཁ་ཤས་བྱེད་རྒྱུ་ནི། གཅིག་གོང་གི་སྲིད་པ་སངས་པོ་ནས་འདི་ཡན་ལ་གདུང་རབས་བདུན་ཅུ་དོན་གཅིག་ཡིན། རྩི་ཚུལ་ནི་ཕ་ཐོག་བུ་བཞག་བྱས་ནས་རྩིས་ཡོད། སྤུན་གཉིས་སྔ་རྗེས་སུ་རྒྱལ་ས་བཟུངས་ཡོད་ན་གདུང་རབས་གཅིག་ལས་རྩིས་མེད། དཔེར་ན་ལྷ་མཁར་བརྟན་རྒྱལ་གྱི་སྲས་ཚེ་རིང་རབ་བརྟན་རྒྱལ་རབས་བཅུ་བཞི་དང་ཚེ་རིང་དབང་རྒྱལ་རྒྱལ་རབས་བཅོ་ལྔ་ཡིན་རུང་གདུང་རབས་གཅིག་ལས་བརྩིས་མེད། གཉིས་ཁག་ཅིག་ཡབ་ཡུམ་གཉིས་ཀ་དང་། ཁག་ཅིག་ཡབ་གཅིག་པུ། ཁག་ཅིག་སྲས་ཀྱི་གྲངས་དང་གོང་འོག ཁག་ཅིག་སྲས་ཀྱི་གྲངས་དང་ཆེ་ཆུང་མ་བཤད་པ་སོགས་དཔྱད་གཞིའི་ཡིག་ཆས་རྐྱེན་པས་ཆ་མ་མཉམ་པ་ལྟ་བུ་ཞིག་བྱུང་སོང་། གསུམ་ཞོར་དུ་ཧོར་སྤྱི་ཁྱབ་རྒྱལ་རབས་གྲངས་སོགས་ཉེར་མཁོ་ཁ་ཤས་ཕན་འདྲ་ཡོང་བར་བསམ་ནས་བྲིས་ཡོད། བཞི་གོང་དེར་འདི་ཡན་དེབ་ཐེར་དེ་ལྟར་དུ་བཀོད་པ་ཡིན་ཟེར་བ་དེ་ནི་གདུང་རབས་གོང་འོག་དེབ་དེའི་ནང་དུ་འཁོད་པ་ལྟར་ལས་དེའི་ཡན་བྲིས་པ་ཀུན་དེབ་དེ་ཡི་འདོད་ཚུལ་ཡིན་ཟེར་མེད། ལྔ་ཟུར་མཁོའི་ཡིག་རིགས་ནི་གོང་འཁོད་དཔེ་སྣ་དྲུག་དང་དེ་སྟེང་འཕྲིན་གྲོགས་ཁ་ཤས་ཀྱི་ཡིག་ངག་བཅས་ཡིན། དེ་ལྟར་ཧོར་སྤྱི་ཁྱབ་རྒྱལ་པོའི་གདུང་རབས་རང་རིགས་རང་གི་དཔོན་དུ་གྱུར་ཚུལ་ཚད་ལྡན་གྱི་ཡིག་རིགས་ཁག་ལ་བརྟེན་ནས་ཇི་བཞིན་བྲིས་པའི་ཁུལ་ཡིན་རུང་མ་མཐོང་པ་དང་མ་ཐོས་པ་གང་ཡོད་ན་འདི་དང་དེ་ཞེས་སྐྱོན་འཛུགས་སམ་ལམ་སྟོན་ཡོད་པའི་རེ་བ་དང་བཅས་བོད་ཤིང་ལུག་ལོར་སྤྱི་ལོ་༢༠༡༥.༣.༢༤ཉིན་རིས་མེད་པས་རང་ཤག་གཡུང་དྲུང་འཁྱིལ་བའི་ལྡིང་ཁང་དུ་མཇུག་ཡོངས་སུ་གྲུབ་པར་བྱས་སོ།།
- ཟིན་ཐོ་འོག་མ།ཨ་མའི་ཞབས་ཕྱི།
ཧོར་ཁོག་ལ་ཧོར་སྤྱི་ཁྱབ་རྒྱལ་པོའི་གསེར་ཁྲི་མངའ་གསོལ་ཞུ་བའི་ལམ་ལུགས་དེ་འདྲ་ཡོད་དམ།