ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་རིན་པོ་ཆིའི་འདས་འཁྲུངས་སྐོར། | 2017/4/1 8:57:00
རྗེ་རིན་པོ་ཆེའི་འཁྲུངས་འདས་སྐོར་དཔྱད་ཐུང་།
རིས་མེད་པ། (ཁམས་སྟོད)

དུས་རབས་བཅུ་བཞིའི་སྐབས་སུ་བཞུགས་པའི་རིན་ཝེར་གྱི་སློབ་བུ་བཙུན་པ་གྲགས་པ་ཝེར་ཞི་ཡི། <<ངོ་མཚར་པད་མོའི་ཕྲེང་བ>> དེབ་གཟུགས་དང་དཔེ་རིང་གཉིས། 
འཁྲུངས་ཚིགས་མེ་སྤྲེལ་དཔྱིད་ར་སྟག་ཟླའི་ཚེས་ལྔ། 
འདས་ཚིགས་ཤིང་ལུག་དབྱར་ཟླ་ཐ་ཆུང་ཚེས་བརྒྱད། 
གདུང་བྱ་ལོའི་དང་པོའི་ཚེས་ལྔ་ལ་བཞུས་གསུང་།
འཁྲུངས་ཚིགས་འདི་ཀུན་དང་མཐུས་འདུག འདས་ཚིགས་འདི་མཁན་ཉི་མ་སོགས་དང་མཐུས། གདུང་ཞུའི་དུས་ཚིགས་འདི་སུ་གང་ལ་མཐུས་ཐབས་དཀའ་བར་སྙམ། གདུང་བཞུའི་ལུགས་གཅིག་ཟེར་ན་ཆོག་པ་ལྟ་བུར་མཐོང་།

༡༧༨༤—༡༨༣༥དུས་རབས་བཅོ་བརྒྱད་སྐབས་སུ་ཕེབས་པའི་སྨན་རིའི་མཁན་ཆེན་ཉེར་གཉིས་པ་བསོད་ནམས་བློ་གྲོས་སམ་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་མཆོག་གི། <<དཔལ་ལྡན་སྨན་རིའི་བླ་བརྒྱུད་མེ་ཏིག་འཕྲེང་བ>> འཕྲུལ་དེབ་དང་དཔེ་རིང་གཉིས། 
འཁྲུངས་ཚིགས་མེ་སྤྲེལ་ཧོར་ཟླ་དང་པོའི་ཚེས་བརྒྱད། 
འདས་ཚིགས་ཤིང་ལུག་ཧོར་ཟླ་དང་པོའི་ཚེས་བརྒྱད་གསུང་།
འཁྲུངས་ཚེས་འདི་ཀམ་གཡུང་ཝེར་གྱིས་འཁྲུངས་ཚེས་ལྔ་ལ་འདུལ་རྩིས་ཚེས་བརྒྱད་གསུང་པ་དང་མཐུས། འདས་ཚིགས་འདི་གཞན་དང་མཐུས་ཐབས་དཀའ། ཁོ་བོས་གདུང་བཞུའི་དུས་ཚིགས་ལ་དགོངས་པར་སྙམ། དེ་ཡིན་ན་ཚེས་གྲངས་དེ་མཁན་ཉི་མས་གདུང་བཞུའི་ཚེས་ལྔ་ལ་འདུལ་རྩིས་ཚེས་བརྒྱད་གསུང་པ་དང་མཐུས། ཡིན་ནའང་མཁན་ཉི་མས་གདུང་མཆོད་དབུ་དང་གཅིག་ཤོས་གདུང་བཞུ་བ་གཉིས་གོ་བ་མི་འདྲ་བ་ཅུང་ཟད་འདུག དེ་མིན་འདས་ཚིགས་ལུགས་གཅིག་ལ་ཟེར་ན་ཆོག་པར་སྙམ།

དུས་རབས་བཅུ་དགུའི་སྐབས་སུ་བྱོན་པའི་མཁན་ཆེན་ཉི་མའི་ཨ་ཁུ་ཀམ་གཡུང་དྲུང་ཉི་ཝེར་གྱི། <<མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་གསལ་བྱེད་མཐོང་བའི་དགའ་སྟོན>> དཔེ་རིང་། 
འཁྲུངས་ཚིགས་མེ་སྤྲེལ་དཔྱིད་ར་སྟག་ཟླའི་ཚེས་ལྔ་འདུལ་རྩིས་ལྟར་ན་ཚེས་བརྒྱད། 
 འདས་ཚིགས་ཤིང་ལུག་སྟོན་ཐའི་ཚེས་བརྒྱད་གསུང་། 
འདུལ་རྩིས་ཟེར་བ་འདི་ཉི་ཝེར་གྱིས“རྣམ་དག་འདུལ་བའི་དུས་ཁྲིམས་གཙང་མའི་ལུགས”གསུང་འདུག་རུང་། གཟི་བརྗིད་དུས་ཁྲིམས་གཙང་མའི་གཞུང་ལ་རྩི་ཚུལ་འདི་རིགས་ནི་མ་གསལ། འདུལ་བ་རྒྱུད་དྲུག་ནང་ལ་ཡང་ཚེས་མགོ་བཟུངས་ཚུལ་ནམ་རྒྱུན་མ་འདྲ་བ་ཞིག་མ་མཐོང་། དེ་ལས་གཞན་པ་གཞུང་གང་ལ་གསུང་ཡོད་ན་རྙེད་མ་སོང་། བོན་རང་ལུགས་ཤིག་ལ་ཐུག་ཡོད་པར་སྙམ་ཡོད། འགའ་ཞིག་གིས་འདི་བན་ལུགས་རེད། དབྱར་གནས་རྗེས་བོད་ཟླ་བརྒྱད་པ་ལ་ཞོ་སྟོན་བྱེད་ནས་འདུལ་བའི་ལོ་སར་ཟེར་བ་སོགས་ཡོད་ཚུལ་གསུང་བཞིན་འདུག་རུང་ཕུགས་ཐམས་ཅད་གཞན་ལས་མེད་པ་འདི་བོད་ཀྱི་རང་གཤིས་ངན་ལོབས་དྲགས་པ་ལས་མ་འདས། མ་ཟད་ཞོ་སྟོན་ལ་ཚེས་གྲངས་མི་འདྲ་བ་བཟུངས་ཚུལ་ཡོད་པ་མ་མཐོང་། འདས་ཚིགས་འདི་གཞན་དང་མ་འདྲ་བ་ཞིག་ཡིན་རུང་མཁའ་ཉི་མས“དགུན་ཟླ་གསུམ་གྱི་བར„ཞེས་དང་ཡང“ཧོར་ཟླ་དང་པོའི་ཚེས་ལྔ„ཞེས་གསུང་པ་ལ་དཔྱད་ན་ཧོར་ཟླ་དང་པོ་ཟིན་ཁ་མ་ནས་ཡར་ཟླ་གསུམ་ཨ་བསློགས་བརྒྱབ་ན་སྟོན་ཐ་ཆུང་ལ་ཁེལ་བ་འདི་བསམ་ས་ཞིག་མེད་པ་མིན་སྟབས་འདས་ཚིགས་ལུགས་གཞན་ཞིག་མིན་པར་སྙམ།

༡༨༡༣—༡༨༧༠ དུས་རབས་བཅུ་དགུའི་སྐབས་སུ་ཕེབས་པའི་སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི། <<སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>> འཕྲུལ་དེབ། <<རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ>> དེབ་གཟུགས། <<རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན>> འཕྲུལ་དེབ། 
འཁྲུངས་ཚིགས་མེ་སྤྲེལ་ཧོར་ཟླ་དང་པོའི་ཚེས་ལྔ། 
འདས་ཚིགས་ཤིང་ལུག་དབྱར་ཟླ་ཐ་ཆུང་ཚེས་བརྒྱད། 
གདུང་བཞུ་ནི་རྣམ་མཐར་མདོར་བསྡུས་དང་འདུལ་བ་གཉིས་ཟུང་འབྲེལ་སྒོ་ནས་ལུང་དོན་བཤད་ན། དགུན་ཟླ་གསུམ་གྱི་བར་ལ་མཆོད་འབུལ་བྱས་ཤིང་མེ་སྤྲེལ་ཧོར་ཟླ་དང་པོའི་ཚེས་ལྔ་འདུལ་རྩིས་ལྟར་ཚེས་བརྒྱད་དབུ་བཙུགས་ཤིང་ཚེས་བརྒྱད་ལ་གདུང་བཞུས་གསུང་།
འདས་ཚིགས་འདི་ཁོང་གིས་གསུང་པའི“དགུན་ཟླ་གསུམ་གྱི་བར„ཞེས་དང“ཧོར་ཟླ་དང་པོའི་ཚེས་ལྔ„ཞེས་པའི་དུས་ཚོད་རྣམས་གོང་རིམ་འགྲིག་ཐབས་དཀའ་བར་མཐོང་། དཔྱིད་ར་ཧོར་ཟླ་དང་པོར་བཟུངས་ཤིང་དབྱར་ཐ་ཆུང་ནས་ཧོར་ཟླ་དང་པོའི་བར་ལ་ཟླ་བ་དྲུག་ཡོད་པས་བསལ། ཡང་འགའ་ཞིག་གིས་དབྱར་ཐ་ཆུང་དེ་དབྱར་དགུན་གཉིས་སུ་དབྱེ་བའི་ལུགས་སུ་ཡིན་པར་གསུང་རུང་། གྲགས་ཝེར་གྱིས“དབྱར་འབྲིང་པོ་ཡི་མར་ངོ་ལ་བླ་བྲང་དུ་སྒྲུབ་པ་མཛད། ཐ་ཆུང་གི་དཀར་ངོའི་ཚེས་ནས„ཞེས་གསུང་པ་ལ་གཞིགས་ན་དེ་ཡང་སྟབས་བདེ་པོར་མ་མཐོང་། རྒྱུ་མཚན་ནི། དབྱར་དགུན་གཉིས་སུ་དབྱེ་ན་ནམ་རྒྱུན་སྟོན་ཟླ་འབྲིང་པོ་དེ་ཡང་དབྱར་ཐ་ཆུང་ཡིན་དགོས་པས་བསལ། ཁོང་གིས་འདས་ཚིགས་དེ་གྲགས་ཝེར་རྗེས་དང་གདུང་མཆོད་དེ་ཉི་ཝེར་རྗེས་སུ་འབྲིང་འདུག་ཟེར་ན་ཡང་འདྲ་པོ་འདུག 

༡༩༠༣—༡༩༧༢ མཁས་དབང་དཔལ་ལྡན་ཚུལ་ཁྲིམས་མཆོག་གི། <<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས>> དེབ་གཟུགས་དང་འཕྲུལ་དེབ་གཉིས། 
༡༩༣༥ལོར་འཁྲུངས། ཨ་ལགས་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི།<<ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསལ་དགའ་བའི་མཛེས་རྒྱན>> འཕྲུལ་དེབ་དང་དེབ་གཟུགས་གཉིས། 
འཁྲུངས་ཚིགས་མེ་སྤྲེལ་ཧོར་ཟླ་དང་པོའི་ཚེས་ལྔ། 
འདས་ཚིགས་ཤིང་ལུག་དབྱར་ཟླ་ཐ་ཆུང་ཚེས་བརྒྱད་གསུང་། 

༡༨༥༨—༡༩༣༣ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི།<<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>> འཕྲུལ་དེབ་དང་དེབ་གཟུགས་གཉིས། 
འདས་ཚིགས་ཤིང་ལུག་དབྱར་ཟླ་ཐ་ཆུང་ཚེས་བརྒྱད་གསུང་། 

མདོར་ན་གོང་གསལ་རྣམ་ཐར་རྣམས་ཀྱི་ནང་འཁྲུངས་ཚིགས་ལ་ཁྱད་པར་གང་ཡང་མི་འདུག་སྙམ། འཁྲུངས་ཚིགས་ལ་ལུགས་གཅིག་ཟེར་ན་ཕལ་ཆེར་ཆོག་པའི་དགའ་བ་བྱུང་། 
འདས་ཚིགས་ལ་གྲགས་ཝེར་སོགས་ཀྱིས་དབྱར་ཐ་ཆུང་གསུང་རུང་ཐད་ཀར་དེ་ལྟར་འདོད་དགོས་ན་མཁན་ཉི་མ་རང་གིས་གསུང་པའི་གདུང་བཞུ་བའི་དུས་ཚིགས་དང་མཐུས་ཐབས་ལ་འབེད་པ་དགོས་པར་སྙམ། ཉི་ཝེར་གྱིས་སྟོན་ཐ་ཆུང་གསུང་པ་དེ་ཐད་ཀར་གོ་བ་ལེན་ཡོང་དུས་མཁའ་ཉི་མས་གདུང་བཞུའི་སྐོར་ཞལ་གསལ་གསུང་པ་དང་ཆེས་མཐུས་པར་འདུག བསོད་བློའི་མེ་སྤྲེལ་དང་པོའི་ཚེས་བརྒྱད་གསུང་། དེ་ནི་འདས་ཚིགས་གཅིག་པོ་ལ་བསམ་ན་མཐུས་ཐབས་མི་འདུག་སྙམ། བསོད་བློའི་དགོངས་པ་འདུལ་རྩིས་ལ་བསམ་ན་ཡང་མཐུས་ཐབས་དཀའ། ཚེས་གྲངས་འདུལ་རྩིས་འདོད་ན་མ་གཏོགས་ཟླ་བ་ནི་ཁོང་རང་གིས་ཧོར་ཟླ་ཟེར་ནས་ཞལ་གསལ་གསུང་པས་བསལ། ལུང་འདི་གདུང་བཞུའི་དུས་ཚིགས་ལ་དྲངས་ན་ཤིན་ཏུ་ནས་ལེགས་འདུག འདས་ཚིགས་ལུང་རྣམས་ཐད་ཀར་གོ་བ་བླངས་ན་ལུགས་གསུམ་དུ་མཐོང་སོང་། 
གདུང་བཞུའི་དུས་ཚིགས་ལ་གྲགས་ཝེར་ཅན་ནང་ལོ་གཅིག་དང་ཟླ་བ་དྲུག་གི་རྗེས་སུ་གདུང་བཞུས་གསུང་། འདི་ནི་གཞན་དང་མཐུས་ཐབས་མི་འདུག་རུང་དོན་དུ་སྤྲེལ་བྱ་གཉིས་ལོ་མིང་ཁྱད་པར་ལས་ཟླ་ཚེས་གྲངས་ནི་མཁན་ཉི་མས་གསུང་པའི་དང་པོའི་ཚེས་ལྔ་གདུང་མཆོད་དབུ་ཚུགས་པ་དང་མཐུས། ཡིན་ནའང་ཚེས་ལྔ་དབུ་ཚུགས་པ་དང་བཞུས་པ་གཉིས་མི་འདྲ་བ་ཅུང་ཟད་འདུག བསོད་བློའི་ཅན་གདུང་བཞུའི་དུས་ཚིགས་དང་ཚེས་པ་དེ་འདུལ་རྩིས་ཡིན་པར་བྱས་ན། མཁན་ཉི་མས་ཕྱི་ལོའི་དཔྱིད་རའི་ཚེས་ལྔ་ལ་གདུང་མཆོད་དབུ་བཙུགས་གསུང་པ་དང་ཆུ་ལ་ཆུ་ཞགས་ལྟ་བུ་གཅིག་ཏུ་བབས་འདུག ཡིན་ནའང་དབུ་ཚུགས་པ་དང་བཞུས་པ་གཉིས་མི་འདྲ་བ་གོང་ཞུས་ཟིན། གདུང་བཞུའི་དུས་ཚིགས་ཐད་ཀར་དྲངས་ན་ལུགས་གཉིས་མཐོང་། 
ཟུར་ཞུ། དཔྱད་གཞིའམ་ཟུར་མཁོའི་དཔེ་ཆའམ་ལུང་གི་ཁུངས་རྣམ་ཐར་རྣམས་ཀྱི་པར་སྐྲུན་བྱེད་ས་དང་བྱས་པའི་དུས་ཚིགས་ཤོག་གྲངས་ཐིག་ཕྲེང་རྣམས་འདིར་འགོད་དགོས་རུང་ཆ་ཅན་འགའ་ཞིག་གིས་རྐྱེན་པས་འབྱོར་མ་སོང་། བླ་མའི་མིང་ནང་ཞང་སྐད(ཝེར)ཚིག་གཅིག་ཁོར་ཡུག་དབང་གིས་བྲིས་པ་གོ་དཀའ་མཁན་ཡོད་ན་དགོངས་དག
རིས་མེད་པས2017-3-18ཉིན་ཟིན་བྲིས་བཏབ་ཅིང་སླར2017-3-20ཉིན་དཔྱད་གཏམ་ཞིག་གི་ཚབ་ཏུ་སྤེལ་བའོ། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.