དགོན་གྱིས་སྡེ་ཡི་རེ་བ་སྐོང་ཚུལ།
རིས་མེད་པ།
༡༽དགོན་གྱིས་སྡེ་ཡི་རེ་བ་སྐོང་དགོས་པ་དང་སྡེ་ཡིས་དགོན་གྱི་རྒྱབ་སྐྱོར་བྱེད་དགོས་པ་དེ་ཕར་ཚུར་གཅིག་ལ་གཅིག་རྟེན་དུ་གྲུབ་ཡོད། དང་པོ་དགོན་པ་ནི་སུའི་རེད་ཟེར་ན། སྡེ་ཡི་རེད། སྡེ་ཡི་ལྷ་ཁང་དང་། སྡེ་ཡི་གྲྭ་པའི་འདུ་ཁང་། སྡེ་ཡི་གསེར་སྐུ། སྡེ་ཡི་མཆོད་ཁང་། སྡེ་ཡི་ཆོས་བྱེད་ས་རེད། དགོན་པ་ནི་ཁྱེད་ཚང་གི་གྲྭ་པ་གནས་ལ་བསླེབས་སའི་མི་ཚང་དེ་རེད་ལ། ཁྱེད་ཚང་ལ་གསོན་གཤིན་གང་ལ་ཡང་དགེ་བ་འདྲ་དགོས་ན་ཁྱེད་ཚང་གི་ལྷ་ཁང་གི་ནང་ལ་དགེ་བ་ལོས་སྒྲུབ། ཁྱེད་ཚང་གི་དགེ་བ་སྒྲུབ་མཁན་གྲྭ་པས་ཁྱེད་ཚང་ལ་དགེ་བ་ལོས་སྒྲུབ་རོགས་བྱེད་དགོས། མ་ཟད་འཇིག་རྟེན་མི་སྐྱ་ཚོས་འཇིག་རྟེན་སྤྱི་ཚོགས་ཀྱི་འཚོ་བ་རོལ་ས་དང་། དམ་པ་ལྷ་ཆོས་ཀྱི་ཚོགས་བསགས་བྱེད་ས་གཉིས་ཀྱི་ནང་ནས་དགོན་པ་འདི་ཕྱི་མའི་ཁོངས་སུ་ཡིན། དང་པོ་དེ་ད་ལྟ་ཁྱེད་ཚོ་བཟའ་ཚང་རུག་རུག་བྱེད་འདུག་སའི་ཁང་པ་དེ་ཚོ་ཡིན། དེ་ན་བསང་གསོལ་དང་ཇ་མཆོད་བྱེད་ཆོག་ཙམ་ཡིན་རུང། ཡི་དམ་གྱི་གཞུང་ལ་འཇུག་དགོས་ན་ཐོག་མར་སྒྲུབ་པ་པོ་ཚད་དང་ལྡན་པ། སྒྲུབ་གནས་རིག་དང་ལྡན་པ་ཞིག་ཡིན་དགོས། དེ་མིན་ན་དེར་བཅའ་འདོན་ཆེན་མོ་སོགས་བྱས་ན་ཕན་ལས་གནོད་ཡོད་ཚུལ་གཞུང་སོ་སོའི་མགོ་ལ་ལྟོས་དང་བཤད་ཡོད་རེད། དེར་བརྟེན་སྒྲུབ་པ་ཀུན་གྱི་གནས་ཡུལ་དུ་གྱུར་བའི་སྡེ་སོ་སོའི་ལྷ་ཁང་ངམ་འདུ་ཁང་ཟེར་ན་འདྲ། དགོན་པ་ཟེར་བའི་ཚོགས་བསགས་བྱེད་ས་ཆེད་མངགས་འདི་བཞེངས་པ་རེད།
༢༽ཡུལ་སྡེ་རྣམས་ཀྱིས་གསོན་པོའི་སྐུ་རིམ་ཡིན་ན་འདྲ། ཤི་བོའི་དགེ་རྩ་ཡིན་ན་འདྲ། མདོར་ན་དགེ་བ་ཆེ་འབྲིང་ཆུང་གསུམ་གང་བྱེད་དགོས་ན་དགོན་པའི་ནང་ལ་བྱེད་དགོས་རེད། དགེ་བ་ཡང་སྟོབས་ཆེ་བ་རེད། རྒྱུ་མཚན་ནི། སྒྲུབ་གནས་དང་སྒྲུབ་པ་པོ་གཉིས་ཀ་འདི་ལས་ལྷག་པ་ཞིག་རྙེད་ཐབས་ཡོད་མ་རེད། སྒྲུབ་གནས་ནི་ཁྱོད་ཀྱི་ཁྱིམ་ནང་ལས་དགོན་ནང་ཡག་པ་སྒྲུབ་པའི་ས་གནས་བྱིན་ལྡན་ཡིན་པ་དང་། སྒྲུབ་པ་པོ་ནི་ཁྱོད་ཀྱི་ཁྱིམ་དེ་གྲྭ་པའི་མལ་ས་མིན་སྟབས་སྒྲུབ་པ་པོ་ཡང་རང་ཁྲིམས་དང་མི་འགལ་བའི་དགོན་ནང་ལ་སྒྲུབ་པ་དགེ་བ་ཆེ། དགེ་བ་གང་ནས་ཆེ་ཚུལ་ཆོས་གཞུང་ལ་ལྟ་དགོས་པ་མ་གཏོགས། བློ་འདོད་ཙམ་བྱས་ན་དེ་ནི་རྨོངས་དད་རང་རེད། ཤི་བོའི་བདག་པོ་འགས་ཁྱིམ་ནང་ལ་དགེ་བ་མ་བྱས་ན། སེམས་བདེ་ས་མི་གདའ་ཟེར། ཁྱོད་རང་ཁག་མེད། བསམ་བློ་གཏོང་མ་ཤེས་པ་ཁག་མེད། ཡིན་ནའང་དགོན་པ་འདི་ཁྱོད་ཚང་གི་རེད་ལ། ཁྱོད་ཚང་གི་དགེ་བ་སྒྲུབ་ས་རེད། ཁྱོད་ཚང་གི་ཤི་བོ་ལ་དགེ་བ་དགོས་ན་དགོན་པའི་ནང་དགོས་རེད། ཤི་བོ་ལ་ཚོང་ལས་སོགས་དགོས་ན་ཁྱིམ་ནང་ལ་བྱེད་དགོས། དེ་གཉིས་ཀ་ཁྱོད་ཀྱི་ཁྱིམ་དང་མཆོད་ཁང་རེད་ལ། ལས་ཀ་བྱེད་ས་ཁ་ཁ་རེད། བླ་མ་ཁག་ཅིག་གིས་ཁྱོད་ཚང་གི་སྐུ་རིམ་ཞིག་ཁྱིམ་ནང་ལ་ངེས་པར་དུ་བཅའ་དགོས་འདུག་ཟེར། དེ་ནི་ཡོན་བདག་གི་སེམས་ནང་ལ་དགོན་པ་ནི་ང་དང་འབྲེལ་མེད་ཀྱི་མི་ཚང་གཞན་ཞིག་དང་ཁྱད་མེད་དུ་བརྩིས་པའི་སྐྱོན་འདྲ་ཡིན་ན་མ་གཏོགས། ཆོས་གཞུང་དང་མཐུན་པའི་གཏམ་ཞིག་མ་མཐོང་། ཡང་ཡུལ་མི་འགའ་རེས་སྡེ་གསེང་དུ་དགེ་བ་བྱེད་རྒྱུ་མེད་པ་ཆགས་འགྲོ་ས་གདའ་བསམ་མཁན་ཡོད་མོད། དེ་ནི་དགེ་བ་ག་རེ་ཟེར་ཡིན། མ་ཏྲི་དང་མ་ཎི་ནས་ཁྲིམས་མཐུན་གྱི་དགེ་བ་ག་རེ་བྱེད་དགོས་ན་བྱེད་རྒྱུ་ཡོད་རེད། དེ་སྒྲུབ་མཁན་མི་སྐྱ་ཚོས་སྒྲུབ་ཆོག་འདུག་པས། ད་དུང་ག་རེ་སྡེ་གསེང་དུ་ནུབ་འགྲོ་ས་གདའ། སྒྲུབ་མཁན་ཚང་མ་སྡེ་གསེང་དུ་ཡོད་ལ་དེས་དགེ་བ་སྒྲུབ་བཞིན་པ་འདི་སྡེ་གསེང་དུ་མ་ནུབ་པའི་རྟགས་རེད། ནུབ་མི་སྲིད་པའི་རྟགས་རེད། དགེ་བ་དར་ནུབ་ཟེར་བ་དེ་མི་ཡི་རྒྱུད་ལ་གནས་ཐུབ་མིན་དང་དར་ཡོད་མེད་ལས་ས་ཆ་དེར་སྒྲུབ་མིན་གཙོ་བོ་མིན། མ་ཟད་དགེ་བ་སྒྲུབ་སའི་ས་ཆ་དེ་ཆོས་གཞུང་ནང་ལ་གང་འདྲ་དགོས་ཟེར་འདུག་ལྟོས་དང་། དེ་ལྟར་བྱེད་རྒྱུ་རེད་མ་གཏོགས་རང་འདོད་བྱེད་ནས་སྟོན་པའི་བཀའ་གསར་པ་བཟོ་དགོས་ན་ཡོང་མ་རེད།
༣༽དགོན་པས་གྲྭ་པ་སློབ་སྦྱོང་བྱེད་མཁན་ཡིན་ན་འདྲ། མིན་ན་འདྲ། ནམ་རྒྱུན་དམིགས་བསལ་མ་གཏོགས་དགོན་ནང་ལ་འདུག་གཅུག་དགོས། མ་ཟད་གྲོང་གསེང་དུ་འདོན་ཡོན་འགྲོ་མཁན་ལར་ནི་མངགས་རྒྱུ་མེད། གྲྭ་པའི་དམིགས་ཡུལ་ནི་དེ་མིན་པས། གྲྭ་པའི་རང་ཁྲིམས་ལ་གནོད་པ་ཆེན་པོ་ཡོད་ལ། གྲྭ་པ་གང་སར་དུ་མངགས་བཏང་ན། དགོན་ནང་ལ་གྲྭ་པ་ཉུང་ཉུང་ཡིན་སྟབས་མིག་མདུན་མི་མཛེས་པ། དོན་དངོས་དང་མི་མཐུན་པ་རེད།
༤༽དགོན་པས་མང་ཚོགས་ཀྱི་འདོད་བློ་ཡང་དག་པ་ཞིག་སྐོང་དགོས་ན། སྡེ་སྟོང་ཕྲག་མང་པོའི་གསེང་དུ་གྲྭ་པ་བརྒྱ་ཕྲག་ཁ་ཤས་མངགས་པའི་སྡེ་ཡི་འདོད་བློ་སྐོང་མི་ཐུབ། འདོད་བློ་སྐོང་ཚུལ་ཡང་དེ་ལྟར་མིན། འོ་ན་གང་ཡིན་བཤད་ན། དགོན་པ་ནི་དུད་ཚང་རེ་རེ་བཞིན་གྱི་དགེ་བ་སྒྲུབ་ས་ཟེར་ན་འདྲ། ཡང་ན་སྤྱི་ཡི་དགེ་བ་སྒྲུབ་ས་ཡིན་སྟབས། དུད་ཚང་སུ་ཡིན་ན་མི་ཤི་ནས་དགོན་ནང་ལ་རོ་འཇོག་ས་དང་། ངོ་སྤྲོད་དང་ཐོས་གྲོལ་སོགས་འདོན་མཁན་དང་། དེ་རྗེས་ཤི་བོའི་བདག་པོས་དགེ་སྐུར་རྒྱས་འབྲིང་གང་དགོས་ན། ཡི་གེ་འདོན་མཁན་གྲྭ་པ་དང་འདོན་སའི་མཆོད་ཁང་སོགས་གང་དང་གང་དགོས་ཏག་ཏག་དགོན་ནང་ལ་ཆ་ཚང་དགོན་སྤྱི་ཡི་དམིགས་བསལ་འགན་འཛིན་དེ་ཡིས་གྲ་སྒྲིག་ཡོད་དགོས། དེ་ལྟར་བྱས་ན་མང་ཚོགས་ཀྱི་འདོད་བློ་ནང་བཞིན་གྲུབ་པ་ཡིན་མ་གཏོགས། དུད་རེ་ལ་གྲྭ་པ་རེ་མེད་བཞིན་དུ་སྡེ་རེ་ལ་གྲྭ་པ་རེ་མངགས་ནས་མང་ཚོགས་ཀྱི་རེ་བ་སྒྲུབ་རྒྱུ་དེ་ཉིན་མོའི་སྐར་མའམ་མཚན་མོའི་རྨི་ལམ་རང་རེད།
༥༽མི་ཤི་སོང་བ་མིན་ན་ཡང་གསོན་པོའི་སྐུ་རིམ་ཅི་བྱེད་དགོས་ཡོད་ན། དགོན་ནང་ལ་དུས་ནམ་ཡང་། འདོན་མཁན་དང་འདོན་ས་སོགས་གང་དགོས་ན། ལས་ཀ་དེ་ཡི་འགན་འཛིན་པས་ཏག་ཏག་འདི་དང་དེ་ཞེས་ཡོད་དགོས། འདོན་ཡོན་སོགས་ནི་ཚད་གཞི་མེད་ན་རྒྱུ་ཡོད་མེད་ཀུན་གྱི་རེ་བ་ལྟར་འགྲུབ་སྲིད། ལས་ཀ་དེས་མང་ཚོགས་རྣམས་ཀྱི་འདོད་བློ་ཇི་བཞིན་དུ་སྒྲུབ་ཐུབ་པ་མ་ཟད། ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོ་འཚོགས་ས་ཞེས་པའི་མིང་དོན་ཡང་མཚུངས་པ་ཞིག་ཀྱང་ཡིན།
- ཟིན་ཐོ་གོང་མ།ལྷ་སྐུ་བཞེངས་པ་ལ་ཡང་ཚོད་ཅིག་དགོས།
- ཟིན་ཐོ་འོག་མ།དགོན་གྱིས་གྲྭ་པ་བདག་པོ་རྒྱག་ཚུལ།