ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྤ་སྟོན་བསྟན་པའི་ཉི་མའི་རྣམ་ཐར་རོབ་བསྡུས། | 2015/7/14 14:40:00

སྤ་སྟོན་བསྟན་པའི་ཉི་མའི་རྣམ་ཐར་རོབ་བསྡུས།

རིས་མེད་པ།

 

སྐྱབས་རྗེ་ཁོང་ནི་སོག་རྫོང་གཡག་ལ་གྲོང་རྡལ་ཤང་ཆེན་གྲོང་དུ་ཡབ་སྤ་ཚང་འཆི་མེད་རིག་འཛིན་དང་ཡུམ་རྒྱས་བཟའ་གཡུ་བཟང་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༦༩ལོར་ངོ་མཚར་དང་བཅས་ནས་འཁྲུངས། དེ་ནས་ལས་དང་པོ་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱོང་པ་དང་གྲོང་ཚོའི་སློབ་ཆུང་ཡང་ཕེབས་མྱོང་། དགུང་ལོ་བཅུ་དྲུག༡༩༨༤ལོར་བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བའི་མདུན་ནས་བཀའ་ལུང་རྒྱ་མཚོ་སོགས་སྔོན་འགྲོ་དང་། སྐུ་གསུམ་རང་ཤར་གྱི་རྩ་རླུང་སོགས་ལོ་ངོ་གཉིས་ཙམ་རིང་སྦྱངས་པ་མཛད། དེ་རྗེས་དྲང་སྲོང་གཡུང་དྲུང་བསྟན་འཛིན་དང་ཞལ་ངོ་འཕྲིན་ལས་ཐོག་མེད། བེ་རུ་རྟོགས་ལྡན། ཁའོ་རྟོགས་ལྡན་སོགས་ཀྱི་དྲུང་ནས་རིམ་བཞིན་རྒྱལ་བའི་བཀའ་དང་བཀའ་བསྟན་སོགས་ཀྱི་དབང་ལུང་ཁྲིད་གསུམ་ལོ་ངོ་གཉིས་ཙམ་རིང་ཞུས་གནང་མཛད། དེ་རྗེས་རག་ཤི་རྟོགས་ལྡན་མདུན་ནས་གཙང་གཙུག་གི་ཁྲིམས་ཉེར་ལྔ་དང་ཡབ་སྲས་སྔོན་འགྲོ་སོགས་དབང་ལུང་ཁྲིད་གསུམ་ཞུས་ཤིང་། གཞན་དོན་ཕོ་བ་སོགས་སྦྱོང་ནས་ཉམས་རྟོགས་རྒྱུད་ལ་ལྡན་པར་མཛད། དེ་རྗེས༡༩༩༣ལོར་ཁ་བོ་རྟོགས་ལྡན་མདུན་དུ་མཁའ་འགྲོ་གསང་མཛོད་ཀྱི་རྩ་རླུང་བཞུགས་པ་དང་ཡབ་སྲས་སྔོན་འགྲོ་ཡང་ཞུས་ཤིང་དབྱར་ཁར་གངས་རི་མཚོ་གསུམ་སོགས་སྟོད་ཀྱི་གནས་ཆེན་དང་སྒྲུབ་གནས་ཁག་མཇལ་བསྐོར་དུ་ཕེབས། དེ་རྗེས་དགུང་ལོ་ཉེར་བདུན་ཐོག་ཁ་བོ་རྟོགས་ལྡན་མདུན་དུ་ཐོད་རྒལ་སོགས་ཉམས་ལེན་ཞུས། དགུང་ལོ་ཉེར་བརྒྱད་ལོར་ཕ་ཡུལ་ནས་རིམ་བཞིན་གནས་བསྐོར་དུ་བོན་རིར་བསྐོར་བརྒྱ་དང་ཁ་བ་དཀར་པོ་སོགས་ལོ་གཅིག་རིང་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས། ༡༩༩༨ལོར་སྤ་ཚང་དགོན་པའི་དམངས་བདག་ཀྲུའུ་རིན་གཞོན་པའི་འགན་བཞེས། མེ་སྐྱོན་དུ་ཤོར་བའི་དགོན་གྱི་ཇ་ཁང་ཞིག་གསོས་མཛད།གསང་ཆེན་རོལ་པའི་སྒྲུབ་པ་ཞག་བརྒྱ་བཅད་རྒྱར་བཞུགས་ཤིང་དགུན་སྨད་ཕ་ཡུལ་ནས་ཁུར་པོ་ཁུར་ནས་ཡར་ཀླུང་རྒྱུད་དུ་གནས་རྟེན་ཁག་མཇལ་སྐོར་དུ་ཕེབས། ༡༩༩༩ལོར་སླར་ཡང་ཁའོ་རྟོགས་ལྡན་དྲུང་དུ་ཐོག་རྒལ་གྱི་ཉམས་ལེན་བཞེས། གེ་ཁོད་སྒྲུབ་པ་ཞག་བརྒྱ་ལྷག་བཞུགས། ༢༠༠༠ལོར་ཁའོ་རྟོགས་ལྡན་ཞིང་བཤེགས་པས་ཁོང་གིས་གཙོ་འགན་བཞེས་ཏེ་གདུང་འདབ་མཆོད་འབུལ་དང་།  གདུང་རྟེན་ཟངས་གསེར་ལས་གྲུབ་པའི་སྨྲ་བའི་སེང་གེའི་སྐུ་བརྙན་བཞེངས་ཏེ་ཁྲི་གསོལ་མཛད།  ལོ་དེར་སྤ་དགོན་གྱི་དམངས་བདག་ཀྲུའུ་རིན་དང་།རྫོང་མི་དམངས་མཐུན་ཚོགས་ཀྱི་མཐུས་མི་དང་རྒྱུན་ལས། རྫོང་ཆབ་སྲིད་གྲོས་ཚོགས་ཀྱི་ཨུ་ཡོན་བཅས་འདེམས་ཐོན་བྱུང་། དགོན་གྱི་གཤམ་ངོས་ཀྱི་རྒྱ་ར་དང་འཁོར་ཆེན་ཆེ་བ་གཉིས་དང་ཆུང་བ་ལྔ་བརྒྱ་ལྷག་ཙམ་བཞེངས་། དགུན་ཁར་དབལ་གསས་ཀྱི་སྒྲུབ་པ་བཞུགས། ༢༠༠༡ལོར་ཟངས་གསེར་ལས་གྲུབ་པའི་རྣམ་པར་རྒྱལ་བ་དང་བྱམས་མ་གཉིས་ཀྱི་སྐུ་བརྙན་བཞེང་གྲུབ། དགུན་ཁར་གསང་ཆེན་རོལ་པའི་བསྒྲུབ་པ་བཞུགས།༢༠༠༢དགོན་གྱི་འཁོར་ཡུག་ཡོངས་སུ་རྒྱ་ར་བསྐོར་ཞིང་འཁོར་ཆེན་བརྒྱ་ཕྲག་དུ་མ་དང་ཕྱོགས་བཞིར་རྒྱལ་ཆེན་བཞི་ཡི་རྫོང་མཁར་བརྩིགས། དགུན་ཁར་གླང་ཆེན་འགྱིང་རི་སོགས་རྒྱ་ཡུལ་གྱི་གནས་ཆེན་ཆེ་ཁག་མཇལ་བསྐོར་དུ་ཕེབས། ༢༠༠༣ལོར་སྡེ་དགོན་གཉིས་ཀྱིས་ཁོང་ལ་སྤ་དགོན་གྱི་བསྟན་བདག་དགོས་པའི་རེ་བ་ཐེངས་མང་དང་ལྷག་དོན་དུ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོས་དགོངས་རྟགས་དང་སྲིད་རྒྱལ་དྲེའུ་དམར་གྱི་བཀའ་ལུང་ལས་ཁོང་ནི་ཉི་འབུམ་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་དང་འབྲེལ་གཤེན་སྲས་མཆོག་ནས་ཁོང་ལ་གསོལ་འདེབས་གསེར་བྲིས་ཅན་ཐང་ག་ཕྱག་ཐམ་དང་བཅས་པ་ཞིག་བསྩལ་ནས། མ་འོངས་པར་སྤ་དགོན་གྱི་བསྟན་བདག་ཡིན་པའི་ལུང་བསྟན་པ་བཅས་ཀྱིས་བཀའ་ནན་འོག  ཁོང་སྤ་དགོན་གྱི་མཁན་རབས་བརྒྱད་པའི་གསེར་ཁྲིར་མངའ་གསོལ་ཞུས། ལོ་དེར་ཙ་རི་སོགས་གནས་ཆེན་ཁག་ཅིག་མཇལ་བསྐོར་དུ་ཕེབས། ༢༠༠༤མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་ཡོད་པའི་གནས་ཆེན་དང་དགོན་སྡེ་ཁག་ལ་མཇལ་སྐོར་དང་གཟིགས་ཞིབ་ཕེབས། དགུན་ཁར་གདུགས་དཀར་སྒྲུབ་པ་བཞུགས། ༢༠༠༥ལོར་ཚེ་དབང་བྱ་རི་མའི་སྒྲུབ་པའི་སྒོ་ནས་བཅད་རྒྱར་བཞུགས། ༢༠༠༦ལོར་དགོན་པའི་ཕྱི་ནང་གི་འཛུགས་སྐྲུན་གྱི་འཆར་འགོད་དང་གྲ་སྒྲིག་མཛད། ༢༠༠༧ནས་ལོ་ངོ་དྲུག་རིང་ཁོང་གིས་གཙོ་འགན་གནང་ནས་བཀྲ་ཤིས་སྒོ་མང་ལྷ་ཁང་། གསས་ཁང་རྣམ་རྒྱལ་ཁང་བཟང་། ཕོ་བྲང་དམར་པོ། དཔེ་མཛོད་ཁང་། གྲྭ་པ་ཀུན་ལ་གྲྭ་ཤག་ཐོག་ཤོད་གཉིས་ལྡན། རྒྱ་རའི་ནང་ལ་རྡོ་གཅལ་དང་སྤང་གདན་འདིང་བ། རྡོ་རྩེགས་ཀྱི་རྒྱ་ར་དང་རྒྱལ་སྒོ། ཟངས་གསེར་ལས་གྲུབ་པའི་གཤེན་སྐུ་ཡིད་བཞིན་ནོར་བུ་གཙོས་པའི་ནང་རྟེན་སྐུ་བརྙན་སྟོང་ཕྲག་ལྷག་ཅིག་བཞེངས། ༢༠༡༡ལོའི་ཟླ་༡༠ཚེས་༧ཉིན་ལྗོངས་དང་། ས་ཁུལ། རྫོང་། གྲོང་རྡལ་བཅས་ཀྱི་སྲིད་གཞུང་གི་དབུ་ཁྲིད་ཁག་ནས་རིན་པོ་ཆེ་ལ་ཁྲིམས་མཐུན་གྱི་བླ་མ་སྤྲུལ་སྐུའི་ཕྱག་འཁྱེར་དང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ༢༠༡༢་ལོར་གསེར་གདུང་རྣམས་གཟུངས་གཞུགས་འབུལ་གྲུབ་ནས་མངའ་གསོལ་དང་རབ་གནས་མཛད། དད་ལྡན་མང་ཚོགས་ལ་ཆོ་ག་བཅུ་གཉིས་ཀྱི་དབང་ཆེན་བཀའ་དྲིན་བསྩལ། ༡༠༡༣ལོར་དགོན་གྱི་ཕྱི་ནང་གི་བཞེངས་པ་ཆ་ཚང་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མཛད་སྒོ་དང་སྒྲུབ་ཆེན་རྣམས་ཁོང་གིས་གཙོ་འགན་གནང་བས། གཞན་དང་མ་འདྲ་པའི་ཡུལ་སྲོལ་གྱི་ཆེ་ཆོས་ལྡན་པའི་མཛད་སྒོ་ཞིག་ལེགས་གྲུབ་མཛད། མཛད་སྒོའི་སྐབས་སུ་གཡུང་དྲུང་གླིང་གི་མཁན་ཆེན་གཙོས་པའི་བླ་སྤྲུལ་དགེ་བཤེས་དུ་མའི་མདུན་སར་ཁོང་རིན་པོ་ཆེས་གྲྭ་ས་གོང་མའི་ལམ་སྲོལ་གྱི་ཆེད་དུ་ཚངས་སྤྱོད་དྲང་སྲོང་ཆེན་པོའི་ཁྲིམས་ཆེན་གྱི་སྡོམ་པ་ནོས། ༢༠༠༣ནས་ད་བར་དུ་བཤད་སྒྲུབ་ཀྱི་བསྟན་དོན་ལ་མི་ཉམས་རྒྱུན་སྐྱོང་གི་འཛིན་སྐྱོང་གནང་ནས་དགེ་བཤེས་བརྒྱད་དང་སྒྲུབ་ཐོན་བ་བདུན་ཙམ་འབྲས་སྨིན་བཟང་པོ་ཐོབ་པ་མ་ཟད། ད་ལྟ་ཡང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས།  གཞན་ཡང་ཡུལ་སྡེ་འཁྲུག་འདོམ་དང་སློབ་གསོ་ཡར་བརྩོན་གྱི་མཛད་པ་མང་། ༢༠༡༤ལོར་མ་འོངས་པའི་འཆར་འགོད་གཙོ་བོ་བཤད་སྒྲུབ་སྒོམ་གསུམ་གྱི་ཕྱི་ནང་གི་མཐུན་རྐྱེན་གང་དགོས་མཛད་པ་སྐྱོང་རྒྱུའི་དགོངས་བཞད་རྒྱ་ཆེར་གནང་བ་དང་། དགུན་ཁར་ཀོང་པོ་བོན་རིར་འཕྲེད་ཕྱག་དང་ཞབས་བསྐོར་གྲངས་མང་བཞེངས། ༢༠༡༥འདི་ལོར་བཤད་སྒྲུབ་སྒོམ་གསུམ་འདུ་ཁང་དང་། དགོན་གྱི་མགྲོན་ཁང་སོགས་རྒྱག་བཞིན་པ་དང་། མ་ཟད་སྦྲ་ཆེན་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་བདག་སྐྱོང་གི་ཐུགས་འགན་བཞེས་དང་བཞེས་མུས་སུ་ལགས། དེའི་ཡན་ཁོང་རིན་པོ་ཆེ་དགུང་གྲངས་བཞི་ཅུ་ཞེ་བདུན་རིང་གི་མཛད་འཕྲིན་ཁ་ཤས་ཟིན་བྲིས་གྱི་ཚུལ་དུ་མདོར་ཙམ་འདི། དགོས་པའི་དབང་གིས་གྲུབ་ཐོབ་སྤ་ཚང་གི་ལོ་རྒྱུས་དྭངས་ཤེལ་མེ་ལོང་ནས་རིས་མེད་པས་བསྡུས་པའོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.