ཁྱོད་ཀྱི་དྲིན་ལ་ང་ཡང་ཡོང་གིན་ཡོད།
ཁྱོད་ཀྱིས་དཀའ་བའི་ལ་མོ་ཨམ་གཙིགས་ཀྱིས་བརྒྱབ་ནས་ཡོང་།
སྤོབས་པའི་དཔུང་བ་ན་ཟུག་གིས་བཏེགས་ནས་ཡོང་།
ཁྱོད་ཀྱི་རྔུལ་ཆུ་གངས་རིའི་རྐང་ལ་སིམ་ཡོད།
ཁྱོད་ཀྱི་འབོད་པ་སྤྲིན་པའི་སྙིང་ལ་ཟུག་ཡོད།
ཁྱོད་ནི་རིགས་ཞེན་གྱི་རྐང་བྲོ་འཁྲབ་སའི་གར་སྟེགས་དེ་ཡིན་ཆོག
ཁྱོད་ནི་སྒྱུ་རྩལ་གྱི་རྐང་མགྱོགས་བསྒྲུབ་སའི་ཐང་ཆེན་དེ་ཡིན་ཆོག
ཀྱེ གནས་འདི་ནས་མྱི་ངོ་ལྷ་ངོ་འཕྲོད་སོང་ཚུལ་གྱི་གཏམ་རྒྱུད་དང་།
ས་འདི་ནས་གསེར་མདོག་གི་སྟོན་ཁ་མང་བོ་འཛུམ་ཆུང་གིས་བཏེགས་ནས།
གངས་རིའི་མཛོད་ལ་མནན་མྱོང་ཚུལ་གྱི་ངོ་མཚར་དག
ལོ་ཟླའི་མེ་ལོང་གི་ངོས་ན་ད་རུང་ཡང་ཁྲ་ལམ་ལམ་དུ་སྣང་ངོ་།
ད་ཡང་ཁྱོད་ཀྱིས།
མུན་པའི་སྒྲོག་ཐག་གཏོར་འདོད་པ་དག་ལ།
འོད་ཀྱི་འཇམ་ཤ་རྒུམ་འདོད་པ་དག་ལ།
སེམས་ཀྱི་ཁ་རུ་བརྒྱངས་འདུག
སྙིང་གི་ལྟེབས་བཅགས་བཤིག་འདུག།
དེ་བས། ང་ཡང་ཡོང་གིན་ཡོད་དེ།
ངས་ཀྱང་རང་གི་ཐེག་ཚོད་ཅིག་ཐོད་ལ་ཉར་ཏེ།
དབུགས་ཧལ་ཧལ་གྱིས་གོམ་པ་མདུན་དུ་སྤོ་བཞིན་ཡོད།
རྡོ་བའི་སྒང་ན ཚེར་མའི་གསེང་ན།
༢༠༡༢ ༢ ༡༤ ཉིན།