ཆོས་ཀྱི་རྒྱལ་མཚན་དྲན་པ།
ཁྱེད་ནི་བོད་མིའི་སེམས་ནང་གི་སངས་རྒྱས་རློན་པ་ཡིན།
ཁྱེད་ནི་བོད་མིའི་སྤྱི་གཙུག་གི་ཟླ་བ་དཀར་པོ་ཡིན།
ཁྱེད་ནི་བོད་མིའི་མིག་ནང་གི་ཆོས་ཀྱི་རྒྱལ་མཚན་ཡིན། མི་ལོ་ཉེར་དྲུག་འགོར་སོང་ཡང་།
བོད་མིའི་སེམས་ངོ་ན་ཁྱེད་ཉིད་ཞལ་ངོ་འཛུམ་མེར་ཡོད། ཞལ་གསུང་ལྷང་ངེར་ཡོད།
དེའི་ཕྱིར་ཁ་ཁྱེད་ལ་སྐོར་ན། བོད་མིའི་སྣོད་ནི་ཁ་སྦུབས་མ་ཡིན། ཞབས་རྡོལ་མ་ཡིན།
དྲི་མ་ཅན་ཡང་མ་ཡིན་ནོ།། པཎ་ཆེན་ལགས།
སང་ཉིན་ནི་ཁྱེད་ཀྱི་དུས་དྲན་གྱི་ཉི་མ་རེད།
དང་མ་ཁྱེད་རང་ཞིང་ལ་ཕེབས་པའི་དུས་སུ་ང་རང་ཕོ་ལོ་བཅུ་བཞི་རེད།
ངས་ཕྱིར་འདང་རེ་བརྒྱབ་ན། ལོ་དེར་ལོ་གསར་གྱི་གྲ་སྒྲིག་ཡོངས་སུ་ཚགས་འདུག་ནའང་།
ཏག་ཏག་ལོ་སར་དུས་སུས་ཀྱང་ཤོག་བོའུ་བརྒྱབ་མ་སོང་།
བྱིས་པ་ཚོས་མཚན་གྱི་གཉིད་ཀྱང་མ་ཡོང་བར་སྒུག་པའི་བར་སྣང་གི་མེ་ཏོག་དག་གད་མ་སོང་།
ཨ་མཚར་གྱི་སྣང་བ་དང་བཅས་ཏེ།
ངས་རང་གི་གདན་འོག་ན་ངར་དུ་བཅུག་ཡོད་པའི་ཤོག་བོའུ་རྒྱག་གྲབ་ཀྱི་སྒང་ལ།
ཨ་ཕས་ལག་ནས་བཅད་སོང་། གླག་གིས་ལུ་གུ་ཁྱེར་བ་བཞིན་བཅད་སོང་།
ད་རུང་རྡོག་ཐོ་རུས་རྐང་གཟེར་བ་ཞིག་ཀྱང་གཞུས་སོང་།
འགྲོ་ཞོར་དུ་གོ་བ་མེད་པའི་གླང་རྒན་འདི་ཟེར།
སྤྱིར་ཁྱིམ་གྱི་འགྲོ་ལུགས་ཡིན་ན་ལོ་གསར་ཚེས་མགོར་མི་ལ་གཅར་རྡུང་བྱེད་པ་ཕར་ཟད་ཚིག་རྩུབ་ཅིག་ཀྱང་མི་བཤད་མོད།
ཨ་ཕའི་ཁ་སྤོ་ཁ་དང་ཞེ་སྤོ་གཏིང་ནས་ལངས་ཚུལ་དེས་ང་ལ་ཉེས་པ་ཆེན་པོ་ཞིག་བསགས་འདུག་པའི་སྣང་བ་བྱིན་སོང་།
དོན་ལ་ང་རང་སྐྲག་ཐག་ཆོད་སོང་། དེ་ནི་ཁྱེད་རང་ཞིང་ལ་ཕེབས་པའི་ལོ་དེ་རེད།
ངས་གཏན་དུ་བརྗེད་པ་མེད་པའི་ལོ་དེ་རེད།
རྗེས་ཀྱི་ལོ་རབས་དགུ་བཅུའི་ནང་ལ། ཁྱེད་ཉིད་ཕ་ཡུལ་གྱི་ལུང་པ་སོ་སོར་ཕེབས་པའི་བརྙན་རིས་དང་བཀའ་གསུང་དམ་དུམ་རེ་མཇལ་རྒྱུ་བྱུང་།
དེ་ནས་ཉིན་ཞིག་ངས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་མཐོང་ཞིང་།
དེས་ཁྱེད་ཉིད་བཙོན་དུ་འཕངས་ཏེ་མི་ལོ་བཅུ་ལ་ཉེ་བར་དཀའ་སྡུག་གི་ལ་མོ་བརྒྱབ་པའི་གཏམ་རྒྱུད་རབས་དང་རིམ་པར་ཐོས།
སྐབས་དེ་ཉིད་དུ་ངས་སློབ་ཆུང་གི་ཁྲང་ཨན་ལམ་ཆེན་ཐོག་གི་ཙུང་ལིར་སྐྱེལ་མ་ཞུས་པ་ཟེར་བའི་སློབ་ཚན་ནང་བཀོད་པའི་བྱམས་དང་བརྩེ་བའི་བདག་ཉིད་ཅན་གྱི་ཙུང་ལི་དེ།
དོན་ལ་རྔ་མ་མཆན་འོག་ཏུ་བཅུག་པའི་ཝ་མོ་གྲ་ཡག་ཅིག་རེད་ཨང་སྙམ་ཞིང་།
དེ་མར་ཁྱེད་ཀྱི་སྙིང་སྟོབས་ཏེ། དཀའ་བ་གདོང་གིས་བསུ་བའི་དཔའ་གདེང་དང་། བདེན་པའི་ལར་ཞེན་འཛིན་པའི་མགོ་བོ་མཐོན་པོ།
རིགས་ཀྱི་དུངས་པ་སྙིང་ལ་ཉར་བའི་དཔལ་ཡོན་དག་ལ་གུས་ཕྱག་ཅིག་ཤོར་སོང་།
ད་རུང་དགོན་པ་ཆེ་ཆུང་གི་བར་མེད་པར། ཁྱིམ་ཚང་དབུལ་ཕྱུག་གི་ཁྱད་མེད་པར།
བོད་ཡུལ་གྱི་གནས་ག་ས་གང་དུའང་ཁྱེད་ཀྱི་འདྲ་རིས་མཐོང་ལམ་དུ་མངོན་ཡོང་བའི་སྙིང་བོ་རྟོགས་སོང་། དེ་དང་ལྷན་དུ་དང་མའི་ཨ་ཕའི་ཁོང་ཁྲོ་དེ་ཡང་རང་གའི་ཞེ་སྡང་ཙམ་མ་ཡིན་ལ།
རང་ལ་གླང་རྒན་དུ་སྨྲས་པའང་དོན་ལ་གནས་འདུག་པའི་སྣང་བའང་འཁོར་སོང་། པཎ་ཆེན་ལགས།
ཕལ་ཆེར་དུས་དེར་ངས་གཞི་ནས་བསམ་ཤེས་སོང་བ་འདྲ་ཨང་། རྗེས་ཀྱི་མི་ལོ་མང་བོའི་རིང་ལ་ཤེས་ནས་སྨྲ་བ་དག་གིས་སྐུ་ཉིད་ལ་རྗེས་དྲན་དང་དུས་དྲན་གྱི་བྱ་འགུལ་མང་བོ་སྤེལ་གྱིན་འདུག
གནས་ལུགས་ཀྱིས་བཤད་ན་དེ་ནི་ཤིན་ཏུ་འགྲིག་སྟེ།
རླབས་ཆེན་གྱི་སྐྱེས་བུ་བརྩི་ཞིང་དྲན་མི་ཤེས་པའི་མི་རིགས་ཤིག་ལ།
རླབས་ཆེན་གྱི་སྐྱེས་བུ་འཁྲུངས་པའི་སྐབས་ནི་གཞར་ཡང་མེད་ལ།
རླབས་ཆེན་གྱི་སྐྱེ་བུ་འཁྲུངས་མ་མྱོང་བའི་མི་རིགས་དེ་ལ་རེ་བ་གང་ཡང་མེད་པས།
ལས་དེ་རིགས་ནི་རབ་ཏུ་ཡང་འོས་པ་ཉིད་དོ།།
ཡིན་ཡང་ངས་ད་བར་དུ་ཁྱེད་ལ་རྗེས་དྲན་གྱི་རྩོམ་ཡིག་གཅིག་ཀྱང་བྲིས་མ་མྱོང་།
ལ་ལས་རྩོམ་སྐུལ་བྱེད་ཀྱང་ངའི་སྣང་ངོར་དེ་ནི་བྱིས་པས་འོལ་ཚོད་དུ་ནམ་མཁའི་ཆེ་ཆུང་གླེང་བའི་རྩེད་མོ་འབའ་ཞིག་ཏུ་ཟད་དེ།
ངུར་སྨྲིག་གི་ཆོས་སྡེ་འགྲིམས་མ་མྱོང་། དབང་འཛིན་པའི་གདོང་ཐུག་གཟེད་མ་མྱོང་།
འཐབ་རྩོད་ཀྱི་ཐག་པས་བཀྱིགས་མ་མྱོང་། བཙོན་མཁར་གྱི་མནར་གཅོད་མྱངས་མ་མྱོང་།
བདེན་སྐྱོང་གི་མགོ་བོ་དགྱེས་མ་མྱོང་། རུས་ཞེན་གྱི་མེ་རི་འཕྱུར་མ་མྱོང་།
གསར་བསྐྲུན་གྱི་ལས་ཁུར་བླངས་མ་མྱོང་བ་ཞིག་གིས། འབོལ་ཁྲིའི་སྒང་ནས་དཔེ་ཆ་འགའ་བཀླགས་ཏེ།
ཅི་ཞིག་གོ་སོང་ཁུལ་དང་ཡོངས་སུ་རྟོགས་སོང་ཁུལ་གྱིས་ཚིག་གི་ཤུན་པ་སྤུར་བ་དེས་དོན་ངོ་མ་ཅི་ཞིག་མཚོན་ནམ།
ཡིན་ཡང་ངས་རང་གི་བྱིས་པ་དང་སློབ་ཕྲུག་དག་ལ་ང་ཚོར་པཎ་ཆེན་རིན་པོ་ཆེ་ཟེར་བའི་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་ཞིག་འཁྲུངས་མྱོང་བ་ཤེས་སུ་བཅུག་ཡོད།
ཁོང་གིས་ང་ཚོ་ཕྱི་རབས་པར་༼ ཁྱོད་ཚོ་བོད་སྐད་བཤད་རྒྱུར་ངོ་ཚ་ན་མ་བཤད་ན་ཆོག ཁྱོད་ཚོ་བོད་ལྭ་གྱོན་རྒྱུར་ངོ་ཚ་ན་མ་གོན་ན་ཆོག ཡིན་ཡང་ཁྱོད་ཚོས་ཤ་དང་རུས་པ་ཅི་བྱེད་རྒྱུ་ཡིན ༽
ཞེས་ཤ་ཚ་ཚ་དང་རུས་འདུ་འདུས་གསུངས་མྱོང་བ་ཤེས་སུ་བཅུག་ཡོད། ངས་རང་གི་བྱིས་པ་གསུམ་པོ་བོད་སངས་མ་ཞིག་ཏུ་སྐྱོང་རྩིས་ཡོད།
ངས་ཁོ་ཚོ་བོད་ཡིག་བོད་སྐད་མེད་པའི་ཁོར་ཡུག་གང་ཏུའང་བཏང་མེད།
ངས་རང་གི་སློབ་བུ་དག་ཀྱང་བོད་ཡིག་ལ་དགའ་མཁན་ཞེ་ཅིག་ཏུ་གཏོང་བར་འབུངས་ཀྱིན་ཡོད།
བོད་ཡུལ་དང་བོད་མི་ལ་ཞེ་ནས་དུངས་པའི་རྗེས་རབས་འབའ་ཞིག་ཏུ་སྐྱོང་རྩིས་ཡོད། འདི་ནི་ངས་ཁྱེད་རང་དྲན་སྟངས་དང་ངས་ཁྱེད་ཉིད་བཀུར་སྟངས་དེ་ཡིན།
ངས་བསམ་པར་སྐྱེས་ཆེན་གྱི་དགོངས་པའི་རྒྱུན་སྐྱོང་བའམ་དེའི་ཡན་ལག་གི་ཉིང་ལག་གང་ཞིག་ལག་ལེན་དུ་འདེབས་ཐུབ་པ་ལས་ཡག་པའི་རྗེས་དྲན་ཞུ་སྟངས་ཤིག་འཛམ་གླིང་ན་མེད་པར་འདོད།
གང་ལྟར་སང་ཉིན་ནི་ཁྱེད་ཀྱི་དུས་དྲན་གྱི་ཉི་མ་རེད།
ངས་ཕོ་ལོ་བཞི་བཅུའི་སེམས་ངལ་ཡོད་ཚད་ཁོག་ལ་བཅུག་སྟེ།
ངས་ཕོ་ལོ་བཞི་བཅུའི་རེ་སྨོན་ཡོད་ཚད་སེམས་ལ་ཉར་ཏེ། ཁྱེད་རང་དྲན་གྱིན་ཡོད།
ལྷ་མོ་བླ་མཚོ་ལ་བབས་མྱོང་བའི་ཁྱེད་ཀྱི་ཞལ་རས་དྲན་གྱིན་ཡོད།
བོད་མི་ས་ཡ་དྲུག་གི་ལས་དབང་ལ་འཁྲིལ་བའི་ཁྱེད་ཀྱི་གསུང་ཚིག་རེ་རེ་དྲན་གྱིན་ཡོད།
བདག་གི་པཎ་ཆེན་ལགས།
ཁྱེད་ལ་ཁོམ་ལོང་རེ་ཡོད་ན་ཐུགས་རྗེའི་དབྱིངས་ནས་གཟིགས་རོགས།
ངའི་ཕ་ཡུལ་གངས་ཀྱི་ར་བ་ལ། ངའི་ཕ་ས་གསེར་གྱི་གཞོང་བ་ལ།