ཆུ་སྐྱེས་མཆོད་པའི་གླུ།
---
དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་དགུང་ལོ་བརྒྱད་ཅུར་ཕེབས་པར་ཕུལ་བ།
འདམ་གྱི་ཕུང་བོ་བརྟོལ་ནས་ཕྱི་ཕྱིར་འཕགས་ཤིང་།།
དྲི་མེད་འཛུམ་པའི་མདངས་ཀྱིས་ལྷུག་ལྷུག་བཞད་དེ།།
དྲོད་འཇམ་ཉི་མའི་འོད་ལ་རྟག་ཏུ་འཁྱུད་པའི།།
ཆུ་སྐྱེས་ཆེན་པོ་ཁྱེད་ལ་ཕྱག་ཅིག་སྒུར་ཡོད།།
མཐོང་འདོད་མི་ལ་མིག་གི་དགའ་སྟོན་འགྱེད་ཅིང་།།
བཅུད་འདོད་འགྲོ་ལ་བདུད་རྩིའི་ཟིལ་དངར་འགྲེམས་ཀྱིན།།
ཡུལ་དང་ཁམས་ལ་བཀྲག་དང་མདངས་ཀྱང་སྣོན་པའི།།
ཆུ་སྐྱེས་ཆེན་པོ་འགྲོ་བའི་བསོད་ནམས་ལགས་སོ།།
རྩ་བས་སེམས་ཅན་ན་བའི་ཟུག་རྔུ་འབྱིན་ཞིང་།།
ལོ་མས་ཆུ་རྫིང་འགྲམ་པ་ནེམ་པར་བྱེད་ལ།།
འདབ་མས་ཁོར་ཡུག་སྣང་བ་སྐྱིད་ལ་བསྐུར་བའི།།
ཆུ་སྐྱེས་ཆེན་པོ་སྣོད་བཅུད་བརྒྱན་པའི་གཡང་ཡིན།།
ཐག་འཁྱུད་རང་གཤིས་སྐྱོང་བའི་སྤྲེལ་ལད་དབེན་ཞིང་།།
ཆུ་ཤིང་ཁོག་པ་སྟོང་བའི་སྤམ་རྫུ་མེད་པར།།
ཚེར་མ་སྙིང་ལ་གཟེངས་པའི་གནོད་སེམས་སྤངས་པའི།།
ཆུ་སྐྱེས་ཆེན་པོ་ཡིད་ཀྱི་དགའ་སྟོན་ལགས་སོ།།
གཡུ་འབྲུག་སྟོང་བར་ལྡིར་བའི་ངར་སྐད་དྲག་པོ།།
གནམ་ངོ་གློ་བུར་གནག་པའི་མི་སྡུག་བཞིན་རས།།
རླུང་བུ་ཤུགས་ཀྱིས་ལྡང་བའི་འཚུབ་མ་ལ་སོགས།།
གང་ཡང་བཟོད་པས་བཟླུམས་མཛད་ཁྱེད་ལ་མཆོད་དོ།།
མཁྱེན་པའི་ཟེའུ་འབྲུ་སྣུམ་པོ་བཅུད་ཀྱིས་གཏམས་ཤིང་།།
བརྩེ་བའི་འདབ་མ་མཉེན་མོ་གཅལ་དུ་བཀྲམས་ནས།།
ནུས་པའི་དྲི་བསུང་སྐྱི་བསེར་བང་ལ་བསྐྱོན་བཞིན།།
ནམ་ཡང་རྩ་བ་བརྟན་པའི་སྨོན་འདུན་ཞུའོ།།
འདི་ནས་ཉི་མ་སང་དང་གནངས་ཀྱི་དུས་ལའང་།།
བདག་སོགས་སྐོམ་པས་གདུང་བའི་རྐང་དྲུག་ཚོགས་ལ།།
རོ་མངར་བཅུད་ཀྱི་དགའ་སྟོན་འགྱེད་པའི་སླད་དུ།།
འཛུམ་པའི་ཞལ་རས་ཡལ་མེད་རྟག་པར་མཛོད་ཅིག།
ཅེས་ཁྱུང་བཟང་གིས།
༢༠༡༣ལོའི་ཟླ ༡༡ པའི་ཚེས ༢༧ཉིན་གུས་པས་ཕུལ།