བཅུ་གཅིག སློབ་གསོའི་ཁ་ཕྱོགས་ནི་འཚོ་བར་འགྲོགས་པ་ལས་རང་གི་ཞེན་
འདོད་ཁོ་ནས་སྐྱོང་མི་འོས།
སློབ་གསོ་ནི་མིའི་རིགས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རིམ་པར་བྱུང་ཞིང་། སློབ་གསོ་ཡིས་མི་རྣམས་ལ་རང་བྱུང་ཁམས་ལ་ངོས་འཛིན་དང་འཚོ་བ་ལ་ངོས་འཛིན། མི་རང་ཉིད་ལ་ངོས་འཛིན། མི་དང་མིའི་འབྲེལ་བར་ངོས་འཛིན། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་ངོས་འཛིན། མི་སྒེར་དང་སྤྱི་ཚོགས་འབྲེལ་བར་ངོས་འཛིན་བཅས་ལ་ནུས་པ་རབ་དང་རིམ་པར་བཏོན་ཏེ་དུས་ད་ལ་ཐུག་གི་བར་གནས་ཤིང་འཕེལ་བ་དང་། མིའི་རིགས་ལ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཡང་རྒྱ་ཆེན་པོ་བསྐྲུན་པ་རེད།
ང་ཚོ་བོད་རིགས་ལ་མཚོན་ནའང་ལོ་ངོ་ཁྲི་ཕྲག་གི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་ནས་ཁྱིམ་གཞི་ཚུགས་པ་དང་། རང་གི་རྩོལ་བར་བརྟེན་ནས་རང་བྱུང་ཁམས་འདུལ་སྦྱོང་བེད་སྤྱོད་གཏོང་བའི་གོ་རིམ་ཁྲོད་རྟོགས་པ་སད་དེ་རང་སྐྱ་ཐུབ་པའི་འཚོ་བ་རོལ་ཞིང་། རང་གི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འདུ་ཤེས། གཞན་དང་མི་མཚུངས་པའི་ཤེས་རིག་མ་ལག་སོགས་བརྟན་པོར་ཆགས་པ་རེད། དེ་ཡང་སྤུ་རྒྱལ་གདུང་རབས (གནམ་རི་སྲོང་བཙན་ཡན)ཀྱི་སྐབས་སུ་བོན་གྱི་ཤེས་རིག་དར་ཞིང་རྒྱས་ལ། བཙན་པོ་རྒྱལ་རབས་ཀྱི་(སྲོང་བཙན་ནས་ཁྲི་རལ་བ་ཅན་གྱི་བར)དུས་སུ་རྒྱ་གར་རིག་གནས་དར་ཏེ་མི་རིགས་ཀྱི་སྔར་ཡོད་རིག་གནས་སློབ་གསོ་ལ་འཕོ་འགྱུར་ཆེན་པོ་བྱུང་། ལྷག་པར་དུ་བོད་སིལ་བུར་ཐོར་ཞིང་བསྟན་པའི་མེ་རོ་སོས་རྗེས་བོད་ཁུལ་དུ་རིམ་པར་ཆོས་ལུགས་གྲུབ་མཐའ་མང་དུ་བྱུང་ཞིང་། དགོན་སྡེ་འཛུགས་བསྐྲུན་དང་རིག་གཞུང་འཆད་ཁྲིད། སྐད་རིགས་ལོ་ཙཱ་དང་དཔར་བསྐྲུན་བཟོ་ལས་སོགས་ཀྱི་བྱ་བ་ཡང་ཆེས་ཆེར་དར་བས། ང་ཚོས་རྒྱ་ཆེ་བའི་རིག་གནས་སློབ་གསོའི་མ་ལག་དེ་ལ་དགོན་པའི་སློབ་གསོ་ཞེས་འབོད་ཅིང་། དེ་ནི་གཙོ་བོ་སློབ་གསོའི་ནང་དོན་དང་འཆད་འཁྲིད་གནས་ཡུལ་གྱི་ཆ་ནས་བཏགས་པ་ཞིག་རེད། འོ་ན་དགོན་པའི་སློབ་གསོ་ནི་དགོན་པའམ་གྲྭ་བ་ཁོ་ནས་འཛིན་ཞིང་སྤེལ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་སློབ་མཁན་གྱི་ཆ་ནས་སྐྱ་སེར་ལ་ངེས་པ་མེད་ཅིང་། ནང་དོན་གྱི་ཆ་ནས་ཀྱང་ཆོས་གཞུང་ཁོ་ན་མིན་པར་སྒྲ་དང་རྩིས། སྨན། བཟོ། སྙན་ངག་མངོན་བརྗོད་སོགས་ཆོས་འཇིག་རྟེན་གཉིས་ཀར་སྤྱོད་སྒོ་ཆེ་བའི་རིག་གནས་ནང་དོན་ཡང་འཆད་ཁྲིད་ཁྱབ་སྤེལ་གནང་བ་རེད།
རྒྱལ་ནང་བཅིངས་འགྲོལ་བཏང་བའི་ཚུན་ལ་བོད་ཁུལ་གྱི་ས་ཆ་གང་སར་ཡང་སྔོན་ཆད་ཀྱི་སློབ་གསོའི་མ་ལག་དང་མི་མཚུངས་པར་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་དགོས་མཁོར་འཚམས་པའི་སློབ་གྲྭ་ཞེས་པའི་སློབ་གྲྭའི་སློབ་གསོ་འདི་དར་མགོ་ཚུགས་ཤིང། སློབ་གྲྭའི་སློབ་གསོ་ཁྱབ་སྤེལ་བྱུང་བ་དེས་སྔར་ལས་ལྷག་པར་མིའི་འཚོ་གནས་དོན་གཉེར་དང་དམངས་ཡོངས་ཀྱི་ཡིག་རྨོངས་སེལ་བའི་བྱ་བར་ནུས་པ་ཆེན་པོ་ཐོན་པ་རེད།
འོ་ན་དགོན་སྡེ་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་ལ་འདྲ་ས་དང་མི་འདྲ་ས་གང་ཡོད་ཟེར་ན། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྐད་དང་ཡི་གེས་མཚོན་པའི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་ཐོན་དང་འདོན་བཞིན་པ་ནི་དེ་གཉིས་ཀའི་ཐུན་མོང་གི་འདྲ་ས་ཡིན་ལ། མི་འདྲ་ས་ནི་དེ་གཉིས་ཀྱི་ཁ་ཕྱོགས་རེད། དགོན་སྡེ་སློབ་གསོ་ལ་མཚོན་ན་སྟོན་པ་སངས་རྒྱས་ཀྱི་བཀའ་ཚད་མ་སྟེ་ནང་དོན་རིག་པའི་དགོངས་པ་དྲི་མ་མེད་པ་ཐོས་བསམ་སྒོམ་གསུམ་གྱིས་མི་ཚེའི་དོན་སྙིང་ངམ་ཐར་བའི་ལམ་ཁ་འཚོལ་རྒྱུ་དེ་ཡིན་ལ། སློབ་གྲྭའི་སློབ་གསོར་མཚོན་ན་གཙོ་བོ་ཡིག་རིགས་དང་ཤེས་བྱ་སྣ་ཚོགས་ལ་བརྟེན་ནས་མིའི་སྤྱི་ཚོགས་སམ་དངོས་ཡོད་འཚོ་བ་ལེགས་བཅོས་དང་འཛུགས་བསྐྲུན་བྱེད་རྒྱུ་དེ་རེད། ད་དུང་མི་འདྲ་ས་ཞིག་ཡོད་པ་ནི་དགོན་པའི་སློབ་གསོ་མྱོང་མཁན་དང་དེ་འཆད་སྤེལ་གནང་མཁན་གྱི་བརྒྱ་ཆའི་མང་ཤས་སྐྱེས་པ་ཡིན་པ་དང། བོད་ཁུལ་གྱི་བུད་མེད་མང་ཆེ་བ་ཡིག་རྨོངས་སུ་ལུས་པ་རེད། དེས་ནི་མི་རིགས་རིག་གནས་སྤྱི་ཚོགས་ཧྲིལ་བོས་སྐྱོང་བར་འགལ་རྐྱེན་བཟོས་པ་རེད། སློབ་གྲྭའི་སློབ་གསོར་མཚོན་ན་ཕོ་མོ་གང་ཡིན་ཡང་འདྲ་མཉམ་གྱིས་སློབ་གསོ་མྱོང་བའི་ཁེ་དབང་བསྩལད་དེ། རིག་གནས་སྤྱི་ཚོགས་ལ་ཁྱབ་ཅིང་སྤྱི་ཚོགས་ཡོངས་ཀྱིས་རིག་གནས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་བསྐྲུན་བྱེད་པར་བགྲོད་ལམ་ཆེས་ཆེར་ཕྱེས་ཡོད་པ་རེད། དེས་ན་ང་ཚོའི་ཁྱིམ་བདག་མང་ཙམ་ལ་མཚོན་ན་སྔ་མའི་སློབ་གསོའི་ཤུགས་རྐྱེན་དང་བག་ཆགས་ཟབ་མོའི་འོག་དགོན་པར་དུངས་ཤིང་རང་གི་བྱིས་པར་ཡང་སློབ་གསོ་དེའི་རིགས་མྱོང་དུ་འཇུག་འདོད་ལ། དེ་ནི་དོན་སྙིང་གིས་ཕྱུག་ཅིང་ཕ་བུ་སུ་ལ་མཚོན་ནའང་ཚེ་འདི་ཕྱིའི་དགེ་བའི་རྒྱུ་རུ་འདོད་ལ། ཡང་ཕ་མ་མང་བོ་ཞིག་གིས་ཡི་གེ་ཞིག་མ་ཤེས་ན་ད་བར་སྤྱི་ཚོགས་ནང་ཟོག་དང་འདྲ་བར་མཐོང་བའམ་རང་གི་བྱིས་པ་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ཏུ་གྱུར་ན་བྱིས་པ་ཚེ་གང་བོར་སྐྱིད་ལ་བསྐུར་བར་འདོད་པས་བྱིས་པ་སློབ་གྲྭར་སྐྱེལ་བ་དང་། ཡང་ཁྱིམ་བདག་ཁ་ཅིག་གིས་བྱིས་པར་སློབ་གྲྭའི་སྒྲིག་ལམ་གྱི་དཀའ་ལས་མྱོང་དུ་འཇུག་མི་འདོད་ནའང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ལམ་ལུགས་ལ་སྐྲག་སྟེ་ཁྲལ་ལས་ཀྱི་རྣམ་པས་བྱིས་པ་སློབ་གྲྭར་སྐྱེལ་བ་ཙམ་རེད།
ཁྲིམས་ལུགས་ཀྱི་སྟེང་ནས་བཤད་ན་ཁྱིམ་བདག་རྒན་གཞོན་མཁས་བླུན་བར་མ་སུ་ཡིན་ཡང་རང་ཉིད་རང་གི་བྱིས་པར་བདག་སྐྱོང་བྱེད་པའི་དབང་ཆ་དང་འོས་འགན་ཡོད་མོད། འོན་ཀྱང་བྱིས་པའི་ཁེ་དབང་ངམ་མདུན་ལམ་ལ་གཏོར་བརླག་གཏོང་བའི་དབང་ཆ་ནམ་ཡང་མེད། ང་ཚོའི་ཕ་མ་མང་བོ་ཞིག་ལ་མཚོན་ན་དུས་རབས་གསར་བའི་ནང་དུའང་ད་རུང་བུ་མོ་གནས་ལ་སྐྱེལ་བ་དང་བུ་ཕྲུག་སློབ་གྲྭར་གཏོང་བའམ་གྲྭ་བ་བྱེད་པ་སོགས་ལ་ཁོ་རང་གི་ཞེན་འདོད་དང་རྒྱུ་མཚན་རྩ་བར་བཟུང་སྟེ་གང་བྱུང་དུ་ཐག་གཅོད་པ་རེད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་མ་ཟད། ཁྱིམ་བདག་གི་གོ་རྟོགས་དམན་པའི་གླེན་མཚང་ཆེན་པོ་ཞིག་ཀྱང་རེད།
དོན་དངོས་སུ་ང་ཚོ་མི་ཕལ་བའི་རིགས་ཀྱིས་སློབ་གསོ་གང་ཞིག་མྱོང་ཡང་རང་གི་ཕན་ཁེ་རྩ་བར་འཛིན་པ་ཡིན། འོན་ཀྱང་ང་ཚོས་ཅིས་ཀྱང་བསམ་དགོས་པ་ནི་རང་ཤུགས་སུ་བབས་པའི་འོས་འགན་ཞིག་ཕྲག་ཏུ་མི་ལེན་རང་ལེན་དུ་གྱུར་ཡོད་པ་དེ་རེད། དེ་ནི་ཕ་ཤུལ་བུས་འཛིན་རྒྱུ་དང་ཕ་སྐད་ཀྱིས་ཕ་ཡུལ་སྐྱོང་རྒྱུ་དེ་རེད།
ཕ་ཤུལ་བུས་ཇི་ལྟར་འཛིན། ཕ་སྐད་ཀྱིས་ཕ་ཡུལ་ཇི་ལྟར་སྐྱོང་ཟེར་ན། དེ་ནི་གཙོ་བོ་ཤེས་རིག་ལ་བརྟེན་དགོས་པ་རེད། ཤེས་རིག་ནི་སྤྱི་ཚོགས་ཀྱིས་བསྐྲུན་ཅིང་དེ་ལ་སླར་ཡང་སྤྱི་ཚོགས་སྐྱོབ་ཅིང་སྤྱི་ཚོགས་ལ་ཕན་འདོགས་པའི་ནུས་པ་ཡོད་པ་རེད། གལ་སྲིད་མིའི་བསམ་བློ་དང་དངོས་པོའི་ལོངས་སྤྱོད་གཉེར་སྒྲུབ་ཀྱི་བྱ་བ་གང་ལའང་ནུས་པ་མི་ཐོན་པའི་དཔེ་ངོས་རིག་གནས་དེ་ནི་དོན་དངོས་སུ་མཁོ་མེད་རིག་གནས་ཤིག་དང་ཡུན་རིང་གནས་ཐབས་མེད་པའི་རིག་གནས་ཤིག་ཏུ་ཟད། དེས་ན་སྤྱི་ཚོགས་ནི་རིག་གནས་འཕོ་འགྱུར་ཞིག་དང་རིག་གནས་ནི་སྤྱི་ཚོགས་འཕོ་འགྱུར་ཞིག་སྟེ། དེ་གཉིས་ཁ་ཁ་སོ་སོར་གནས་ཐབས་གཏན་ནས་མེད་པ་ཞིག་ཡིན་པས། ང་ཚོའི་སློབ་གསོའི་ཁ་ཕྱོགས་དང་རིག་གནས་ཁ་ཕྱོགས་ཀྱང་དུས་རབས་དང་སྤྱི་ཚོགས་འཕོ་འགྱུར་གྱི་རྗེས་སུ་འགྲོ་ལྡོག་བྱེད་དགོས་པ་ངང་གིས་གྲུབ།
དེ་ན་ང་ཚོ་ལ་ནང་བསམ་པའི་རིག་གནས་འཛམ་གླིང་ལ་ངོམ་དུ་རི་བ་ཞིག་ཡོད། འོ་ན་ཕྱི་ལོངས་སྤྱོད་སྒྲུབ་པའི་རིག་གནས་འཐུས་སྒོ་ཚང་བ་དེ་གང་ན་ཡོད་ཟེར་ན། འདི་ནི་ད་གཟོད་ང་ཚོའི་རིག་གནས་དང་སློབ་གསོའི་མིག་མདུན་དུ་ལྷགས་པའི་གནད་དོན་རེད། འདི་ནི་ད་གཟོད་ང་ཚོས་གཡོལ་ཐབས་དང་འགེབ་ཐབས་མེད་པའི་མི་རིགས་ཡུན་གནས་ཀྱི་གནད་དོན་ཞིག་རེད།
དེའི་ཕྱིར་ངས་འདིར་བརྗོད་འདོད་པ་ནི་ང་ཚོ་སུ་ཡིན་ཡང་དངོས་ཡོད་ཀྱི་གནས་བབས་ལ་ཁ་གཏོད་དགོས་ཤིང་། དངོས་ཡོད་ཀྱི་སྤྱི་ཚོགས་ནང་རྐང་ཚུགས་ཐུབ་པར་འབད་བརྩོན་ཧུར་ཐག་བྱེད་དགོས་ཏེ། དངོས་ཡོད་ཀྱི་གནས་མལ་ཤོར། རིག་གནས་ཀྱི་དངོས་ཡོད་སྤྱོད་སྒོ་ཉམས། རིག་གནས་དང་འཚོ་བ་ཁ་ཁར་གྱུར་ཚེ་ང་ཚོ་ལ་རང་གི་ཚེ་སྲོག་གི་རྒྱུན་ཕྱི་མ་ནི་གླེང་ཐབས་མེད་ལ་འཛིན་ཐབས་ཀྱང་མེད་པས། ང་ཚོས་རང་གི་ཤེས་རིག་གི་དངོས་དོན་ནུས་ཤུགས་དང་དངོས་ཐོག་སྤྱོད་སྒོ་འཐུས་ཚང་དུ་གཏོང་ཕྱིར་སློབ་གསོའི་ཁ་ཕྱོགས་རང་རང་གི་ཞེན་འདོད་ཙམ་གྱི་དབང་དུ་མི་གཏོང་བར་དངོས་ཡོད་སྤྱི་ཚོགས་དང་དུས་རབས་འཕོ་འགྱུར་ལ་ཁ་ཕྱོགས་དགོས་ཤིང་། བློ་གཤོག་ཡངས་པོས་མེད་པ་ནང་འདྲེན་དང་ཡོད་པ་ཕྱི་འགྲེམས་ཀྱང་བྱེད་དགོས་པར་མཐོང་ངོ་།།
སྙིང་ཉེ་བའི་ཁྱིམ་བདག་རྣམ་པ། གོང་གི་རིང་རྒྱུ་ཐུང་རྒྱུ་མེད་པའི་གཏམ་འདི་དག་ནི་ངས་ཁྱེད་ཅག་ལ་ཡུན་རིང་བཤད་འདོད་ཆེ་བའི་སེམས་ཀྱི་སྐད་ཆ་དག་ཡིན་ལ། ངས་ཁྱེད་ཅག་ལ་སྟོན་འདོད་པའི་ནང་སེམས་ཀྱི་རི་མོ་དེ་ལགས།
ང་རང་མི་ལོ་བཅུ་གཅིག་གི་ཐེམ་པ་བརྒལ་ནས་དགེ་རྒན་གྱི་མིང་བྱང་འདི་མཐོན་པོར་འགྱོགས་དུས། སློབ་གསོ་ནི་ལས་དོན་ཀུན་གྱི་རྩ་བ་ཡིན་པར་བསམ་ཞིང་། སློབ་གསོ་ནི་ཕ་མ་དང་དགེ་རྒན། སློབ་མ། ཐ་ན་སྤྱི་ཚོགས་ཧྲིལ་བའི་མཉམ་ལས་ཆེན་པོ་ཞིག་ཡིན་པར་འདོད་ལ། མཐར་གཏུགས་ན་སློབ་གསོ་ནི་དགེ་རྒན་ཁོ་ནས་ནམ་ཡང་སྒྲུབ་ཐབས་མེད་པའི་ལས་དོན་རྔམ་བརྗིད་དང་ལྡན་པ་ཞིག་རེད་ཨང་སྙམ་ཡོང་།
དེ་བས་ན་ངས་ཁྱིམ་བདག་རྣམས་ལ་འདི་ལྟར་འཛེམ་དོགས་མེད་པར་རང་གི་དྲན་ཚུལ་རེ་ཞུས་ཤིང་། རྒྱུན་པར་ཁྱིམ་བདག་ཞིག་གི་ཆེས་ལྕི་བའི་ཉེས་པ་ནི་ཁོས་རང་གི་བྱིས་པ་ངན་ལང་སྐྱག་ལང་དུ་གཏོང་བ་དེ་ཡིན་ལ། དགེ་རྒན་ཞིག་གི་ཆེས་ལྕི་བའི་ཉེས་པ་ནི་ཁོས་རང་གི་སློབ་མའི་མགོ་གཡོགས་པ་དང་ཁོས་རང་གི་སློབ་མའི་སེམས་གསོད་པ་དེ་ཡིན་པར་བསམས་ཤིང་། རྟག་ཏུ་རང་གི་འགྲོ་འདུག་སྤྱོད་གསུམ་ལ་མཉམ་འཇོག་གིས། སྙིང་རྗེ་བོའི་བྱིས་པ་དག་ལ་འདྲ་མཉམ་གྱི་ཁོར་ཡུག་ཅིག་གསར་བསྐྲུན་དང་། རང་འགུལ་གྱི་ཁ་དབུགས་ཤིག་གསར་སློང་། ཡིད་ཆེས་ཀྱི་བསམ་བློ་ཞིག་གསར་བཞེངས། མཐུན་སྒྲིལ་གྱི་མི་གཤིས་ཤིག་གསར་འདོན་བཅས་བྱས་པ་ཡིན།
དེ་ཡིན་ནའང་གོང་ནས་སྨྲས་ཟིན་པ་ལྟར་ང་ནི་ཆེན་པོ་ཞིག་མིན་ལ། ང་ནི་མཐོན་པོ་ཞིག་དང་འཇོན་པོ་ཞིག་ཀྱང་མིན་པས། འདིར་བཤད་པའི་ནང་དོན་དང་ངོས་འཛིན། ཐ་ན་ཚིག་ཙམ་གྱི་སྦྱོར་བར་ཡང་ཉེས་སྐྱོན་གྱི་ཆ་མང་དུ་ཡོད་སྲིད་ལ། ལྷག་པར་དུ་ཉོག་གཏམ་འདི་དག་གིས་ཁྱིམ་བདག་རྣམ་པར་སུན་པོ་ཡང་བཟོ་སྲིད་ན། ཁྱེད་རྣམ་པས་ཐུགས་བརྩེའི་དབྱིངས་ནས་གཟིགས་པར་བཀའ་དྲིན་ཞུའོ།།
མཐར་དུས་རབས་གསར་བའི་ནང་རོང་འབྲོག་ཁྱིམ་བདག་རྣམས་ཀྱི་སྐུ་ལུས་བདེ་ཞིང་བཞེད་དོན་ཐམས་ཅད་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་བཅས།
གྱི་ན་བ་ཁྱུང་བཟང་གིས་ལོ་འདིའི་ཟླ་ཚེས་བཟང་བོར་ཕུལ།
༢༠༠༦ ༡ ༡༠ _ ༡༣