སེམས་ཀྱི་གངས་ལྗོངས།
སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ཡིན།།
བར་དབུས་གཙང་རུ་བཞི་ཡུར་བ་ཡིན།།
སྨད་མདོ་ཁམས་སྒང་དྲུག་ས་ཞིང་ཡིན།།
གནས་ལྔ་རིག་གསེར་གྱི་ལོ་ཏོག་ཡིན།།
སྟོད་གངས་དཀར་ཤེལ་གྱི་མཆོད་རྟེན་ཡིན།།
བར་ཀླུང་ཆེན་དར་གྱི་སྐ་རགས་ཡིན།།
སྨད་མཚོ་མོ་གཡུ་ཡི་མེ་ལོང་ཡིན།།
གནས་དགེ་མཚན་འཇའ་འོད་འཁྱིལ་མ་ཡིན།།
སྟོད་སྤང་དཀར་ཕྱུགས་ཀྱི་ཕ་ས་ཡིན།།
བར་ནགས་ཀླུང་བྱ་ཡི་ཚང་མལ་ཡིན།།
སྨད་ས་ཞིང་འབྲུ་ཡི་བང་མཛོད་ཡིན།།
གནས་བཀྲ་ཤིས་གཡང་གི་མཆོད་པ་ཡིན།།
སྟོད་ཆོས་སྒར་ལྷ་ཡི་ཕོ་བྲང་ཡིན།།
བར་འབྲོག་རུ་གནམ་གྱི་སྐར་མ་ཡིན།།
སྨད་ཁང་ལེབ་ཀ་གདུང་སྦྲེལ་མ་ཡིན།།
གནས་ཕུན་ཚོགས་བདེ་བའི་འབྱུང་གནས་ཡིན།།
སྟོད་ས་ལམ་གནམ་གྱི་ཐེམ་སྐས་ཡིན།།
བར་མི་ཆོས་འཚོ་བའི་རྟེན་ཕུར་ཡིན།།
སྨད་སྲིད་དོན་འཆི་ཁའི་གསོས་སྨན་ཡིན།།
གནས་གང་བཟང་ལག་ནང་ནོར་བུ་ཡིན།།
2012 . 6 . 30 ཉིན།