མཐོ་རྒྱག་དམའ་རྒྱག
--- རང་གིས་རང་ལ་སྨྲས་པ།
༡
ལ་སྐེད་ནས་ཕྱི་མིག་འཕེན་དུས།
ཁྱོད་ཀྱི་ཐུགས་ལ་ཅི་ཞིག་ཤར་སོང་།
ལམ་བར་ནས་རྐང་སྣེ་ཐོགས་སའི་རྡོ་བ་དེ་དང་དེ་ལ་འཁོར་བའི་ཞེ་སྡང་གི་སྟོབས་ལ་གད་མོ་ཞིག་ཨེ་ཤོར།
ཡང་ན་རང་གི་ནང་མིར་བསམ་མྱོང་བའི་ཁྱི་གུ་དེས་ཟུག་ཟུག་གནང་བར་ཡི་མུག་ཅིག་ཨེ་སྐྱེས།
ལ་སྐེད་ནས་ཕྱི་མིག་འཕེན་དུས།
ཁྱོད་ཀྱི་ཐུགས་ལ་ཅི་ཞིག་ཤར་སོང་།
ཁོམ་དུས་སེམས་ཀྱིས་གཉོར་བའི་མེ་ཏོག་གི་འདབ་མར།
སེར་ཐིག་ཆུང་ཆུང་ཞིག་ལྷུང་བར་སེར་སྣ་རེ་ཨེ་བྱུང་། ཡང་ན་ཚོད་ཚོད་དུ། སེམས་པ་ཤོར་མྱོང་བའི་མྱི་དེའི་གྱེས་ཕྱག་ལ་ཞེན་ཆགས་ཤིག་ཨེ་ལངས།
ཀྱེ། ད་ནི་མདུན་དུ་སྐྱོད་ཅིག ཁྱོད་ཀྱི་ལམ་ནི་མདུན་ཕྱོགས་ཁོ་ནའོ།།
༢
འདས་བྱས་ཐམས་ཅད་ནི་མི་རྟག་པའོ།།
ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ།། ལས་འབྲས་ནི་མི་བསླུ་བའོ།།
ཁྱོད་ཀྱིས་འདི་ཐམས་ཅད་གྲུབ་མཐའ་ཞིག་དང་དད་མོས་རྐྱང་དུ་འདོད་ན་ཁྱོད་རང་འཁྲུལ་ཏེ།
སྔོན་གྱི་དུས་སུ་ཁྱོད་ཀྱིས་ཤ་ཐང་ཐང་དུ་འབད་ཅིང་འབུངས་མྱོང་བ་དེ་དག་གིས་ཁྱོད་ལ་ཅི་ཞིག་བྱས་སོང་།
དཔེར་ན་ཁྱོད་ཉིད་དགའ་མྱོང་བའི་མི་དེས། ཁྱོད་ཀྱིས་བསྟུན་མྱོང་བའི་མི་དེས།
ཁྱོད་ཀྱིས་བཀུར་མྱོང་བའི་མི་དེས།
ཐ་ན་ཁྱོད་ལ་ཐོབ་མྱོང་བའི་དངོས་པོ་དེ་དང་ལོངས་སྤྱོད་ཀྱི་ཚོགས་དེ་དག་གིས་ཀྱང་།
ཁྱོད་ལ་ཅི་ཞིག་བྱས་སོང་། ད་རུང་མིག་རིག་རིག་དང་དབུགས་ཧལ་ཧལ་གྱིས་བསྙེགས་ཤིང་བརྩད་མྱོང་བ་དེ་དག་གིས་ཀྱང་ཅི་བྱས་སོང་ཨང་།
ཀྱེ།
དེ་དག་གིས་ཁྱོད་ཀྱི་བྱེའུ་ཕྲུག་དམར་རྗེན་ལྟ་བུའི་ཉམ་ང་ལ་ཅི་ཞིག་བྱས་སོང་།
ཁྱོད་ཀྱི་དཀར་འཇམ་ཤོག་བུ་ལྟ་བུའི་དྭངས་གཙང་ལའང་ཅི་ཞིག་བྱས་སོང་།
དོན་དམ་པར་དེ་དག་གིས་ཁྱོད་ལ་ཅི་ཞིག་བྱས་ཡོད།
དེ་བས་ན། ཁོ་རེ།
འདས་བྱས་ཐམས་ཅད་ཀྱི་མདོ་ནི་མི་རྟག་པའོ།།
ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྒྱུ་མ་ལྟ་བུའོ།། ལས་ཀྱི་འབྲས་བུ་ནི་མི་བསླུ་བ་ཉིད་དོ།།
༣
སྐབས་རེར་ཁྱོད་ཀྱིས་མགོ་ཁྲིད་དེའམ། གྲོགས་པོ་དེའམ། མཛའ་མོ་དེའམ། ཡང་ན་ནང་མི་གང་ཞིག་ནི་རྒྱུད་བཙོག་པ་དང་།
བློ་གཏད་མེད་པ་དང་། འཁོས་ཀ་ཞན་པ་དང་། ཕྱི་ཐག་ཐུང་བ།
ཁོག་རྒྱ་དོག་པ་སོགས་སུ་མཐོང་ཞིང་དེ་ལྟར་དུ་སྒྲོག་ཀྱང་ངེས་ཏེ།
དོན་ལ་དེ་ཐམས་ཅད་ནི་ཁྱོད་ཀྱི་རྣམ་རྟོག་གི་འཕྲོ་འདུ་ཙམ་སྟེ།
མཐར་གཏུག་ན་དེ་ནི་ཁྱེད་ལ་འབྲེལ་ཅིང་མ་འབྲེལ་བའི་ཚོགས་དེའོ།།
དེ་དང་དེས་ཁྱོད་རང་སྤམ་སོང་བ་དང་ལྟུང་ཞིང་ཉེས་སོང་བར་སྨྲ་བ་ཐམས་ཅད་ནི་དོན་ལ་ཁ་གཡོར་བ་ཙམ་སྟེ།
ནམ་རྒྱུན་ཁ་གཡོར་ས་འཚོལ་བར་དགའ་བའི་མིའི་རིགས་ནི་མི་ཡུལ་གྱི་ཆེས་རེ་བ་མེད་པའི་མིའུ་དག་ཡིན་པ་ཁྱོད་ཀྱིས་མི་མཁྱེན་པ་ག་ལ་སྲིད།
ཁོ་རེ། སེམས་པ་ནང་ལ་སྐོར་ཅིག རང་གི་ལྷ་རྗེ་ནི་རང་ཉིད་འབའ་ཞིག་སྟེ།
ཁྱོད་ལ་མནར་གཅོད་གཏོང་མཁན་དག་ཀྱང་དོན་ལ་ཁྱེད་ཉིད་བཙོ་སྦྱངས་བྱེད་སྤྱད་ཀྱི་སླ་ང་ཆེན་པོ་དེ་ལགས།
༤
རང་གིས་མི་འཇོན་པ་གོས་ཆེན་གྱིས་འཇམ་པོར་གཅུད་དེ།
ཕྱུག་པོ་མཐོང་དུས་སྣ་གཉེར་དང་། མཁས་པར་ཐུག་ན་མཆུ་གཡུག དཔོན་པོ་རིག་ཚེ་སྡང་མིག
མིང་ཅན་ཐོས་ན་མིག་སེར་ལངས་ཀྱིན། ཁ་གོར་མོ་དམངས་གཙོ་དམངས་གཙོ་ཟེར་བའི་ཚིག་ཚོན་པོ་ཞིག་ལ་ལོབས་ཤིང་གོམས་འདུག་པ་དེ་སུ་རེད།
འདི་ནི་རིག་གཞུང་གང་ཞིག་གི་དམིགས་བསལ་དགོངས་པ་དང་རིགས་པ་གང་ཞིག་གི་ཡང་དག་པའི་སྒྲུབ་ངག་ཡིན་ནམ།
ཀྱེ་མ། ད་རུང་མང་མང་གི་ཕྱི་ལ་བཀྱེད་དེ་ཡིན་མདོག་སྟོན་པ་དེ་ཨ་མཚར།
༥
རྒྱ་ཡན་དང་རང་དབང་ནོར་ཞིང་འཛུགས་བསྐྲུན་དང་གཏོར་ཞིག་ནོར་བའི།
ཁེ་དབང་སྐད་པ་ཡང་རང་ཁོ་ནའི་དེ་རུ་འདོད་ཅིང་།
གཞན་ནི་གཞན་ཏེ་གཞོམ་བྱ་དང་བརླག་བྱ་དང་དགྲའམ་ཐན་དུ་ལྟ་བའི་བསམ་བློ་ཅི་བྱུང་རྣམས། རུས་ཞེན་དང་ལ་རྒྱ་རུ་འདོད་པ་དེའང་གང་ནས་གང་ཞིག་ཏུ་འགྲོ་བའི་ལམ་བུ་ཡིན་ནམ།
ཡང་ན་གང་ནས་གང་ཞིག་ཏུ་མཆེད་པའི་ནད་ཡམས་ཡིན།
༦
ཡོད་ཚད་ཅིག་གི་ཁོངས་སུ་བསྡུ་འདོད་པའམ།
ཡོད་ཚད་ཅིག་ཤོས་ཁོ་ནས་ལན་སོང་བར་འདོད་པའམ། གསར་བས་རྙིང་བ་བཤིག་ཅིང་།
རྙིང་བས་གསར་བ་བཀག་སྟེ། གཡག་ར་སྒྱེ་ནང་ནས་གཟེངས་པ་དག རང་དབང་ངམ་དམངས་གཙོ་དངོས་དང་བར་ཐག་ག་ཙམ་གྱིས་ཆོད་ཡོད་དམ།
སོ་སོས་ཨུ་ཚུགས་ཀྱི་རྐང་ལག་གང་དགར་བརྐྱངས་ཏེ། ལམ་ཁ་གང་ཞིག་ན་གདོང་བ་དམར་ནག་གིས་འགྱིང་བ་འདི་ཡང་ཅིས་ཉེས་སོང་།
ཁ་བཤད་ལས་ལག་ལེན་མེད་པའམ་མངོན་སུམ་ལས་ལྐོག་གྱུར་ལ་དུངས་ཆེ་བ་འདིས་ཀྱང་།
ཚོགས་སྤྱི་གང་འདི་གང་ནས་གང་ཞིག་ལ་ཁྲིད་སྲིད་དམ།
ཀྱེ། རི་བོའི་ཕར་ངོགས་སུ་ཅི་ཡོད་ལ་སྟོང་འདང་སྐོར་བ་ལས།
རྐང་བ་འདི་གང་ལ་ཇི་ལྟར་སྤོ་བར་ཤུགས་བརྒྱབ་པས་མི་ཡོང་ངམ།
ལ་རྩེ་རུ་འབྱོར་ན་ཕ་རོལ་དུ་བསམ་མྱོང་བ་དེ་ཡང་ཕ་རོལ་མ་ཡིན་ནོ།།
༢༠༡༣ ༡༠ ༩