སྨོན་པའི་དབྱངས།
ཉིས་སྟོང་བཅུ་བཞི་ལོ་འདི། རི་རབ་ཀྱི་རྩེ་ནས་རྒྱ་མཚོའི་གཏིང་། ཆུ་རྡུལ་གྱི་ཁོང་དང་རྩི་ཤིང་གི་གསེབ་དག་ནས། དེ་ལྟར་ཤེས་མེད་ཚོར་མེད་དུ་བཞུད་ཅིང་། ཉིས་སྟོང་བཅུ་བཞི་ལོ་འདི། རྒན་པོའི་ངག་ལམ་གྱི་ཨོྃ་ཡིག་གི་གཉོམ་ཤ་དང་གཞོན་པའི་སེམས་ནང་གི་གསང་བའི་དགུ་མདུད་ལས་མཆེད་དེ། ཕ་རོལ་ཕ་རོལ་དུ་རྒྱུག་གིན་འདུག
ལ་ལས་རྒྱལ་ཁའི་ང་རོ་རུ་བསམ་གྱིན་པའི། འགའ་རེས་ནོངས་འགྱོད་ཀྱི་རྨ་ཁ་རུ་རྩི་བཞིན་པའི། ད་རུང་ཁ་ཅིག་གིས་གང་དང་ཅི་ལའང་མི་བརྩི་བའི་ཉིས་སྟོང་བཅུ་བཞི་ལོ་འདི། གཅན་གཟན་གྱིས་གད་ཁར་དེད་པའི་གཙོད་ཕྲུག་ཅིག་དང་འདྲ་བར། ད་ནི་ཕྱི་མིག་ལིང་ལིང་གིས་འགྲེང་འདུག
གལ་སྲིད་འཇིག་རྟེན་དུ་རིས་མེད་ཀུན་སྙོམས་ཀྱི་ལོངས་སྤྱོད་ཅིག་ཡོད་ན། དེ་ནི་དུས་ཚོད་དེ། དུས་ཚོད་ཁོ་ན་ནི་སུ་ལའང་དབང་ཆོག་ཅིང་སུས་ཀྱང་འདོད་འདོད་དུ་བེད་སྤྱད་ཆོག་པའི་འདོད་ཡོན་དུ་ངེས་པས། ཉིས་སྟོང་བཅུ་བཞིའི་ལོ་འདི་ཡང་། མང་བོ་ཞིག་གིས་རང་གི་སྲོག་ཏུ་བརྩིས་ནས་གཅེས་པས་བཏུད་ཡོད་ལ། ཡང་མང་བོ་ཞིག་གིས་རང་གི་ཡོང་སྒོ་རུ་བརྩིས་ནས་དམ་འཛིན་བྱས་ཡོད་ངེས། དེ་བས་ཀྱང་མང་བོ་ཞིག་གིས་སྙམ་མེད་དུ་བཞག་ཅིང་ཕངས་མེད་དུ་བསྐྱུར་ཏེ། ཉིས་སྟོང་བཅུ་བཞི་ཟེར་བའི་ལོ་འདི་ལ། སྨག་ནང་གི་སྐར་མདའ་ཡལ་བ་ལྟ་བུའི་སྣང་བ་ཙམ་ལས་འཁོར་མེད་སྲིད།
དེ་ཡིན་རུང་། ཉིས་སྟོང་བཅུ་བཞི་ལོ་འདི། འཕུར་གྲུའི་འཁོར་ཤུགས་ཡིན། དངུལ་ལོར་གྱི་ཆར་བ་ཡིན། ཞི་བའི་ས་བོན་ཡིན། གདུང་བའི་མེ་ལྕེ་ཡིན། མྱ་ངན་གྱི་འོ་དོད་དང་ཚེ་སྲོག་གི་འབོད་པ་ཡང་ཡིན་ཏེ། ཉིས་སྟོང་བཅུ་བཞི་ལོ་འདི། མདོར་ན་འདུ་འཛོམས་དང་གྱེས་བྲལ་གྱི་སྐུད་པས་བསླེས་པའི་གྲུ་གུ་ཆེན་པོ་དེ་ཡིན། ད་ནི་འགྲིལ་གྱིན་འགྲིལ་གྱིན་ང་ཚོ་དང་གཏན་དུ་གྱེས་རྩིས་ཀྱི་ཕྱི་མིག་བགྲད་འདུག དེ་ནི་དངོས་གནས་གཅན་གཟན་གྱིས་གད་ཁར་དེད་པའི་གཙོད་ཕྲུག་ཅིག་དང་ཡོངས་སུ་མཚུངས།
འདི་ནས་དུས་ཚོད་ཀྱི་མདའ་རྩེ་ཐེངས་འགའ་འཁོར་ན་ཉིས་སྟོང་བཅོ་ལྔ་ལོ་རེད། དབྱར་གཞུང་གི་ཚ་བ་བཞིན་འབར་ངེས་པའི། དགུན་གཞུང་གི་བུ་ཡུག་བཞིན་འཚུབ་ངེས་པའི། ཡང་ན་ཆུ་རྫིང་གི་གཉེར་མ་བཞིན་ཤིག་ཤིག་ཏུ་སྐྱོམ་ངེས་ལ། བྱ་རྒོད་ཀྱི་གཤོག་པ་བཞིན་ཐང་ཐང་དུ་བརྐྱང་ངེས་པའི་ཉིས་སྟོང་བཅོ་ལྔ་ལོ་འདི། གཞི་ནས་ཀུན་སྙོམས་རིས་མེད་དུ་དབང་བའི་ང་ཚོའི་ལོངས་སྤྱོད་དུ་གྱུར་འགྲོ། ང་ཚོའི་ལམ་ཆས་དང་ལག་ཡོང་དུ་གྱུར་འགྲོ།
དེ་བས་ན། ལོ་འདིར་ཁྱེད་ཀྱི་སྐུ་བདེ་བར་གྱུར་ཅིག སྐུ་ལུས་ནི་ཁྱེད་ཀྱི་འཚོ་བའི་མ་རྩ་ཡིན་ཏེ། མ་རྩ་མེད་པའི་ཁེ་བཟང་ཞིག་གར་ཡང་རེག་མི་སྲིད། དེ་ནས་ཁྱེད་ཀྱི་སེམས་སྐྱིད་པར་གྱུར་ཅིག སེམས་ལ་བདེ་བ་འཁོར་བའི་དུས་དེ་ཉིད་དུ་ཁྱེད་ཀྱི་ཡོད་ཚད་འགྲུབ་ནས་ཡོད། ཡིན་ཡང་དེ་ནི་གནམ་ནས་མི་འབབ་ལ་ས་ནས་མི་བརྡོལ། སུ་ཞིག་གིས་བསམ་བཞིན་གསོལ་རས་སུ་ཡང་མི་གནང་སྟེ། དེ་ནི་ཁྱེད་ཀྱི་ཤེས་རབ་ཀྱི་དབལ་དང་བརྩོན་པའི་ཤུགས་ཁོ་ན་ཉིད་ཀྱིས་དགུག་པར་འགྱུར་བས། ངས་ཁྱེད་ཀྱི་སྙིང་ག་ནས་རང་རྟོན་གྱི་རྒྱལ་བོ་ཆེན་པོ་དེ་གཏན་བཞུགས་ཡོང་བར་སྨོན་ནོ།།
མདོར་ན། ཕྱི་སྣོད་ཧྲིལ་བོ་བཀྲ་ཤིས་ཤོག ནང་བཅུད་ཐམས་ཅད་བདེ་ལེགས་ཤོག
ཀྱེ། འདི་ནི་ང་ཡི་སེམས་པ་སྟེ། སེམས་པ་དེ་ལས་ལ་དགུ་ལུང་དགུར་མཆེད་པའི་དབྱངས་ཀྱི་མཛེས་པ་ལགས་སོ།།
༡༠༡༤ ༡༢ ༡༤ ཉིན།