ཕྱི་མིག་གི་བར་ན། ཁྱེད་རང་ལྷང་སེ་ཡོད།
--- ཁྲིམས་ལུགས་ཚགས་པར་ལོ་འཁོར་སུམ་ཅུ་འཁོར་བར་་ཕུལ་བ།
འདི་ནས་མི་ལོ་ཉི་ཤུའི་ལམ་དུ་ཕྱི་མིག་ཅིག་འཕངས་ན་ང་རང་ཕོ་ལོ་བཅོ་བརྒྱད་རེད།
ཉི་མ་དེར་ང་རྨ་ལྷོ་དགེ་ཐོན་སློབ་གྲྭའི་མལ་ཁང་བར་ཁྱམས་ན་ཕྱིར་ཡོང་གིན་ཡོད། ཏག་ཏག་དེའི་སྐབས་སུ།
ཟ་ཡིག་ཚར་ནས་ལྟོག་སྣང་གིས་ཉོབ་པའི་ངའི་ལག་ཏུ་ཁྲིམས་ལུགས་ཚགས་པར་ཞིག་འབྱོར་སོང་།
ཞིབ་ཏུ་བལྟས་དུས་ཚགས་པར་སྟེང་དུ་ངའི་རྩོམ་ཡིག་ཅིག་བཀོད་འདུག
སྤྱིར་ན་རྩོམ་དེ་ཤིན་ཏུ་ཐུང་བས་རྩོམ་ཡིག་ཅིག་ཏུ་འབོད་པ་ཉིད་ལས་ཚིག་དུམ་ཞིག་གམ་བརྗོད་པ་ཐུང་ངུ་ཞིག་ཏུ་བཀྲལ་ན་འགྲིག་མོད།
འོན་ཀྱང་སྐབས་དེའི་ངའི་སྣང་བ་ནི་དེ་ཙམ་གྱི་ར་བ་ལས་ཡོངས་སུ་འགོངས་ཏེ་བསྟན་བཅོས་ཆེན་པོ་ཞིག་གྲུབ་སོང་བ་ནང་བཞིན།
ཡིད་ཀྱི་དགའ་བ་གནོན་དུ་མེད་ཅིང་སེམས་ཀྱི་དུངས་པ་འགོག་ཏུ་མེད་པར་གྱུར། དེ་བས་ཀྱང་ངས་བརྗེད་དུ་མེད་པ་ནི་རང་ལས་འཛིན་གྲྭ་མཐོ་ཞིང་མི་ངོ་རབ་རིབ་ཙམ་ལས་མི་ཤེས་པའི་སློབ་གྲོགས་ཤིག་གིས།
ཁྱོད་མ་འོངས་པར་རྩོམ་པ་པོ་ཞིག་ཏུ་འགྱུར་བར་ངེས་ཞེས་པའི་བསྟོད་ཚིག་དེ་རེད།
ད་ལྟ་འདང་རེ་བརྒྱབ་ན་སྐད་ཆ་དེ་ལ་དེ་ཙམ་བརྗེད་དུ་ཕངས་པའི་རིན་ཐང་ཆེར་མེད་ནའང་།
སྐབས་ཐོག་དེའི་ཁོའི་ཡིད་སྨོན་གྱི་རྣམ་འགྱུར་མཚར་བོ་དེས་ང་ལ་སྒུལ་ཤུགས་ཆེན་པོ་ཞིག་བཏང་སོང་བའི་ཚུལ་ནི་ངས་ད་ལྟའང་དྲན་སོས་ཤིང་ཀུན་ལ་ཁས་ལེན་མི་བྱེད་རང་བྱེད་ཅིག་ཆགས་འདུག
དུས་དེ་ནས་བཟུང་སྟེ་ང་ལ་སྔར་ལས་ལྷག་པའི་དགའ་བ་དང་ཡིད་ཆེས་ཤིག་གིས་བརྟས་ནས་རྩོམ་ཡིག་མང་དུ་བྲིས་ཤིང་།
རྩོམ་གང་བྲིས་ཀྱི་མ་ཡིག་ཉར་རྒྱུ་ཙམ་ཡང་མ་ཤེས་པར། བྲིས་མ་ཐག་པའི་རྩོམ་ཡིག་རེ་རེ་རང་ཞིང་གི་ཚགས་པར་ཁང་དག་ལ་བསྐུར་རྐྱང་བྱས།
ཚགས་པར་ཁང་དག་གིས་ཀྱང་ངའི་རེ་བ་གང་ཡོད་དོན་སྨིན་དུ་མཛད་ནས། རྩོམ་ཕལ་ཆེ་བ་ཚགས་པར་དུ་བཀོད་པར་མ་ཟད།
དུས་ཐོག་ཏུ་ཚགས་པར་དང་རྩོམ་ཡོན་རེ་རེ་ངའི་ལག་ཏུ་འབྱོར་བར་བྱས་པས། རྩོམ་ཡིག་འབྲི་རྒྱུ་དེ་ནི་ཅི་ཡིན་འདི་ཡིན་མེད་པར་ངའི་དགའ་ཕྱོགས་ཉག་གཅིག་ཏུ་གྱུར་སོང་།
གལ་སྲིད་ངའི་རྩོམ་འབྲིའི་འཚར་ལོངས་ཀྱི་ངོས་ནས།
ད་ལྟ་ངས་སུ་ཞིག་ལ་ཆེད་དུ་བཀའ་དྲིན་འདྲ་ཞུ་དགོས་ཚེ།
དེ་ནི་ངེས་པར་དུ་ན་ཆུང་ཚགས་པར་དང་ཁྲིམས་ལུགས་ཚགས་པར་རྣམ་གཉིས་ཡིན་ཏེ། ཁོང་རྣམ་པ་གཉིས་ཀྱིས་ངའི་རེ་བའི་དཀར་ཡོལ་གཅེས་པས་སྐྱོར་ཞིང་།
ངའི་ཚོར་བའི་རླབས་རིས་ཡང་ཡང་སྒུལ་ཏེ། རྣམ་པ་ཀུན་ཏུ་ཐུགས་མཉེས་མཉེས་ཀྱིས་བསྐྱངས་ཤིང་གཅེས་པས།
ང་འདི་ལྟར་ད་བར་དུ་རྩོམ་རིག་དང་འགྲོགས་ནས་ཡོང་ཐུབ་སོང་། དེ་བས་ན་ང་ནི་ཁོང་གཉིས་ཀྱི་གཅེས་ཕྲུག་ཅིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།
ངོ་མ། རང་ཉིད་དགེ་རྒན་བྱས་ནས་སློབ་མའི་རྩོམ་ཡིག་དང་ལས་བྱ་སོགས་ལ་དག་བཅོས་རབ་དང་རིམ་པར་བགྱིས་ཏེ་མི་ལོ་བཅོ་བརྒྱད་ཕྱིན་པའི་དུས་ད་ལྟ།
ངའི་སེམས་སུ་ཡུན་རིང་བོར་རྩོམ་ཡིག་དག་བཅོས་ཀྱི་བྱ་བ་གཉེར་རྒྱུ་ནི་མགོ་ན་ཞིང་ཡིད་སུན་པའི་ལས་ཀ་ལྕི་མོ་ཞིག་ཡིན་པའི་སྣང་བ་འཁོར་ཞིང་།
སྐབས་སྐབས་སུ་ཚགས་པར་དང་དུས་དེབ་ཁང་དག་གི་དཀའ་ཚེགས་དང་། དཀའ་ཚེགས་ཀྱི་ལས་ཀ་དེས་བསྐྱེད་པའི་སྤྱི་ཚོགས་ཀྱི་ཕན་ནུས་སོགས་ལ་ངོས་ཟིན་ཟབ་མོ་རེ་འབྱུང་བར་མ་ཟད།
ཁོང་རྣམ་པ་ཚོར་ཚོད་ཚོད་དུ་བཀའ་དྲིན་ཞུ་འདོད་ཅིག་ཀྱང་སྐྱེ་ཡོང་།
ངས་སེམས་སུ་ང་ལ་དེ་ལྟ་བུའི་བསམ་བློ་འཁོར་བར་གནས་ལུགས་ཤིག་ཡོད་པར་འདོད་དེ།
ཁོང་རྣམ་པས་ཉིན་ལ་ཟླ་དང་ཟླ་ལ་ལོ་མཐུད་དེ་རྩོམ་སྒྲིག་དང་དག་བཅོས་གི་ལ་ལུང་རྔུལ་ཆུས་བརྒལ་ཀྱང་།
རྩོམ་རིག་དང་སྒྱུ་རྩལ་གྱི་ལམ་ཁ་ཆེ་རུ་བཤངས་ཀྱང་། ལྟ་ཀློག་དང་རྩོམ་འབྲི་ཡི་ཁོར་ཡུག་ཡངས་མོ་བཟོས་ཀྱང་།
སྙན་གྲགས་དང་ཆོ་ལོ་སྣ་ཚོགས་ཀྱི་ཅོད་པན་ཁོ་ཚོར་མི་འདོགས་ལ།
ཆེ་བསྟོད་དང་དྲིན་གཟོའི་གཏང་རག་གི་མཆོད་པ་ཁོ་ཚོར་མི་དབང་བས།
ཁོ་ཚོ་ནི་གྲག་མེད་འགུལ་མེད་དུ་མི་ཚེ་དང་ལང་ཚོ་ཤེས་རིག་ལ་བསྟིམས་པའི་ལས་མི་རང་ག་ཞིག་ཡིན་པས་རེད།
ཀྱེ།
འཇིག་རྟེན་འདི་ནས་ཆེས་བཀུར་འོས་པ་ནི་རང་གི་བྱས་པའི་ལན་ལ་མི་རེ་ཞིང་།
རང་གི་ཆེ་བ་འུད་ཀྱིས་མི་སྒྲོག་པར།
ནུས་པ་གང་ཡོད་སྤྱི་དོན་དུ་བསྔོ་ཞིང་གཞན་དོན་དུ་འབུལ་བའི་སེམས་དེ་མ་ཡིན་ནམ།
ད་དུང་འདང་རེ་བརྒྱབ་ན་ཁོང་རྣམ་པས་རྩོམ་ཡིག་འབྲི་མཁན་སྐྱོང་བ་ཁོ་ན་མ་ཡིན་པར་ཀློག་མཁན་དང་མྱོང་མཁན་སྐོར་ཅིག་ཀྱང་བསྐྱངས་ཡོད་དེ།
ཁོ་ཚོའི་ལས་ཀ་ནི་ལོ་ཆུང་དག་གི་བློ་ཁ་ཤེས་རིག་དང་འགྲོགས་པར་བྱེད་ཅིང་།
བྱིས་པ་དག་གི་སྨྱུག་ཁ་གསར་རྩོམ་ལ་སྐོར་བར་བྱེད་པའི་ལས་ཀ་ཞིག་སྟེ།
དོན་ལ་ཁོ་ཚོའི་ལས་ཀ་ནི་སྙན་གྲགས་ཀྱི་མ་འཁྱུད་ཅིང་ཁེ་སྤོགས་ཀྱིས་མ་བཟུང་ལ།
སྒེར་དོན་གྱིས་མ་བསྡམས་པའི་ལས་ཀ་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པ་དེའོ།།
དེའི་ཕྱིར་ན་ངའི་ཕྱི་མིག་གི་ཀློང་ན་ཁོང་ཅག་ནི་ཀུན་ལས་མཛེས་ཤིང་ཀུན་ལས་གསལ་བ་འབའ་ཞིག་སྟེ།
སྙིང་ཉེ་བའི་མེ་ཏོག་གི་ཚོམ་བུ་ཞིག་དང་འདྲ་བར་ལྷང་ངེར་འཛུམ་ཞིང་དགོད་དོ།།
2013 . 5 . 20 ཉིན།