ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོམ་པ་པོ་ཁྱུང་བཟང་ལ་བཅར་འདྲི་བྱས་པ།
[ 2011/7/7 12:10:00 | By: ཁྱུང་བཟང་། ]
 

 

རྩོམ་པ་པོ་ཁྱུང་བཟང་ལ་བཅར་འདྲི་བྱས་པ།

 

བཅར་འདྲི་བ།       མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་།  རྡོ་རྗེ་ཚེ་རིང་།

ལན་སྐྱོན་མཁན།     རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭ།  ཁྱུང་བཟང་།

 

 

བཅར་འདྲི་བ།      རྩོམ་པ་པོ་ཁྱུང་བཟང་ལགས།  ཉེ་ལམ་བདེ་མོ་ཡིན་ན།

རྩོམ་པ་པོ།           བདེ་མོ་ཡིན།  རྩོམ་སྒྲིག་པ་བདེ་མོ།

བཅར་འདྲི་བ།      དེ་རིང་ངེད་ཚགས་པར་ཁང་གིས་ཁྱེད་ལ་ཆེད་དམིགས་སློབ་

                     ཆུང་སློབ་མའི་རྩོམ་འབྲིའི་ཐད་ནས་བཅར་འདྲི་ཞིག་བྱེད་

                     འདོད་པས་དང་ལེན་བྱེད་རོགས།

རྩོམ་པ་པོ།          དེ་ལོས་ཆོག  ངས་རང་གི་ཤེས་ཚོད་ཀྱིས་ཁྱེད་ཀྱི་དྲི་བར་ལན་

                     འདེབས་ངེས་ཡིན། ཡིན་ཡང་ཁུག་མ་ནང་ན་ཅང་མེད་པས་དྲི་

                     བ་དཀའ་མོ་འདྲ་བཏོན་ཚེ་ཅུང་འདའ་འགྲོ་ན་ཐང་།  ཧེ --

 

༡ དྲི་བ། ཁྱེད་རང་གཞི་རིམ་གྱི་སློབ་གསོའི་ལས་ཀ་ཡུན་རིང་བསྒྲུབས་མྱོང་བའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། མིག་སྔའི་སློབ་ཆུང་སྐད་ཡིག་གི་སློབ་གསོའི་གནས་བབ་ཅིག་གླེང་ན།

ལན། རེད། ངས་འདིར་ཚིག་ཚོགས་ཀྱི་སྤྲོས་པ་སྤངས་ཏེ་མིག་སྔའི་སློབ་གསོའི་གནས་བབ་དང་འབྲེལ་ནས་རང་གི་དྲན་འཆར་ཙམ་གླེང་ན།  ཁྲིམས་ཡིག་ལ་བཀོད་པའི་མི་རིགས་སྐད་ཡིག་གི་ཁེ་དབང་དང་འཚོ་བ་དངོས་ལས་མངོན་པའི་སྐད་ཡིག་བེད་སྤྱོད་ཀྱི་ཧེ་བག་དེས་ལན་ནམ།  ཡང་ན་དེང་གི་དངོས་པོའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྔར་ཡོད་རིག་གནས་ལ་བར་ཐག་ཅིག་བྱུང་ངམ།  གང་ལྟར་ཁྱིམ་བདག་མང་མང་ཞིག་ལ་མཚོན་ན་བོད་ཡིག་ལ་བཅིངས་པའི་ཡིད་ཆེས་ལྷོད་འདུག་ལ། བྱིས་པ་མང་བོ་ཞིག་ལ་མཚོན་ནའང་བོད་ཡིག་སློབ་པའི་མོས་པ་ཉམས་ཀྱིན་འདུག དེ་ནི་ལོ་འདི་འགའི་ནང་དུ་བོད་རིགས་ཁྱིམ་བདག་རྣམ་པས་རང་གི་བྱིས་པ་དག་བོད་ཡིག་བོད་སྐད་ཀྱི་ཁོར་ཡུག་ཡེ་ནས་མེད་པའི་རྒྱའི་སློབ་གྲྭ་ཁག་ཏུ་སྐྱེལ་བའི་མི་གྲངས་ཀྱི་འཕར་ཚད་དང་།  བོད་ཀྱི་སློབ་གྲྭ་ཁག་གམ་བྱིས་པ་སོ་སོའི་བསླབ་བྱ་ཁག་གི་གྲུབ་འབྲས་སམ་དགའ་ཕྱོགས་ཀྱི་འགྱུར་བ་དེས་བདེན་དཔང་དང་ར་སྤྲོད་གསལ་བོར་གཏོང་གིན་འདུག་པས་མང་དུ་སྤྲོ་དགོས་མི་འདུག གང་ལྟར་ད་ལྟའི་སྣང་ཚུལ་ལྟར་བཤད་ན་མཁར་གྲོང་དང་གཞི་རིམ་ནས་འོངས་པའི་སློབ་མ་གཉིས་བསྡུར་དུས་མཁར་གྲོང་བ་དག་ནི་ཤས་ཆེར་རྒྱ་ཡིག་ལ་བློ་ཁ་ཕྱོགས་ཤིང་བོད་ཡིག་ལ་མོས་པ་གཉོམ་པ་དང་། གཞི་རིམ་པ་རྣམས་བོད་ཡིག་ལ་དགའ་ཞིང་རྒྱ་ཡིག་ལ་རྨང་གཞི་ཞན་པ་དེ་འདྲ་རེད།  འདིས་ནི་ཕྱོགས་གཅིག་ནས་ཁྱིམ་བདག་གི་འདུ་ཤེས་མཚོན་ཞིང་།  གཉིས་ནས་ཁོར་ཡུག་གི་ཤུགས་རྐྱེན་དང་གསུམ་ནས་སློབ་མ་རང་རང་གི་དགའ་ཁ་ཁྱེར་སོ་མཚོན་ཡོད་པ་རེད།  ཡང་ཅིག་བཤད་ན་འདིའི་གནད་དོན་དེ་བསླབ་དེབ་ཀྱི་སྟེང་ནའང་འདུག་སྟེ། ང་ཚོའི་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སྦྱང་བྱའི་མིང་བརྡ་ཕལ་ཆེ་བ་ནི་བོད་རང་གི་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་དང་རང་བྱུང་ཁོར་ཡུག སྒོ་ཕྱུགས་དང་སྲོག་ཆགས། ཡོ་ཆས་སོགས་ཀྱི་མིང་བརྡ་རྐྱང་ཡིན་པས། རང་བྱུང་སློབ་གསོའི་ཁོར་ཡུག་མེད་པའི་མཁར་གྲོང་བ་དག་ལ་མཚོན་ན་བོད་ཡིག་གི་མིང་བརྡ་དག་ནི་རང་གི་དུས་རྒྱུན་གྱི་འཚོ་བ་དངོས་དང་འབྲེལ་བ་མེད་པའམ། ཡང་ན་ལྐོག་གྱུར་གྱི་རང་བཞིན་ཅུང་ཆེ་བའི་ཤེས་བྱ་འབའ་ཞིག་ཏུ་སྣང་བས་བསླབས་ཀྱང་བཙན་ཚུགས་བསྟེན་དགོས་པ་དེ་འདྲར་སྣང་ལ། གཞི་རིམ་ནས་ཡོང་བའི་སློབ་མ་དག་ལ་མཚོན་ན་དེ་ལས་ལྡོག་པར་སྣང་ངོ་།།

 

༢ དྲི་བ། རྩོམ་ཡིག་འབྲི་སྦྱོང་ནི་སློབ་སྦྱོང་གི་གོ་རིམ་ཁྲོད་མེད་དུ་མི་རུང་བའི་ལྷུ་ལག་གལ་ཆེན་ཞིག་ཡིན་པས་ན། ཁྱེད་ཀྱིས་དུས་རྒྱུན་སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་བཀོད་སྒྲིག་སྣེ་སྟོན་ཇི་ལྟར་བྱས་པ་ཡིན།

     ལན། སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་ན་དགེ་རྒན་ལའང་འཐུས་ཚང་གི་བཀོད་སྒྲིག་བརྒྱུད་རིམ་མམ་འཆར་གཞི་ཞིག་མཁོ་བ་རེད། དེ་ཡང་དཔེར་ན་ལོ་རིམ་དང་པོ་ལྟ་བུར་མཚོན་ན་ཡི་གེའི་སྒྲ་དང་གཟུགས་ངོས་འཛིན་གྱི་གོ་རིམ་དུ་གནས་པས་གཙོ་བོ་འབྲི་ཀློག་གི་ཕྱོགས་ལ་ཤུགས་སྣོན་པ་དང་། ལོ་རིམ་གཉིས་པར་མཚོན་ན་ཡི་གེའི་སྒྲ་གཟུགས་ནས་དོན་ལ་གོ་བ་ལེན་པར་བར་བརྒལ་བྱེད་དགོས་པས་འབྲི་ཀློག་དོན་གསུམ་ལ་སྙོམས་པོར་འཇུག་པ་དང་། གསུམ་པར་མཚོན་ན་དོན་གང་ངག་ཐོག་ནས་བེད་སྤྱོད་བྱེད་པའི་ལམ་དུ་སྤོ་ལ།  བཞི་བས་ཡིག་ཐོག་ནས་རྗོད་པ་སྣ་ཚོགས་བཟོས་ཏེ་བེད་སྤྱོད་ཀྱི་རྨང་གཞི་འདིང་བ་དང་། ལྔ་བ་ནས་རྩོམ་ཡིག་འབྲི་སྦྱོང་ལ་ཤུགས་སྣོན་པ་སྟེ། ང་ཚོས་སློབ་ཆུང་སློབ་མ་རྣམས་རྨང་གཞི་ལེགས་ཤིང་རྩོམ་ཡིག་འབྲི་ཤེས་པའི་ལམ་དུ་ཁྲིད་དགོས་ན། མ་མཐའ་ཡང་གོ་རིམ་འདིའམ་འཕེལ་རྒྱས་ཀྱི་སྐས་རིམ་འདི་ལ་ཐོག་མར་ངོས་འཛིན་དང་དོད་བྱེད་དགོས་པར་འདོད་ལ། དེ་ནས་ལོ་རིམ་མཐོ་ཤོས་ལ་རྩོམ་ཡིག་བཀོད་སྒྲིག་བྱེད་དུས་ཀྱང་ཐོག་མར་མིག་གིས་མཐོང་བའི་བྱ་དངོས་དང་རང་ཉིད་འདྲིས་ཤིང་བརྒྱུད་མྱོང་བའི་མི་སྣ་དང་དོན་དག་ནས་མགོ་བརྩམས་ཏེ་རིམ་པར་མྱོང་ཚོར་དང་ཡིད་འགྱུར་བརྗོད་པའི་རིགས་ལ་ཁྲིད་སྟོན་བྱེད་དགོས་སྙམ། དེ་ཡང་ཐོག་མའི་དུས་ལ་རང་ཁོ་ནའི་བསམ་གཞིགས་ཀྱིས་མི་ཡོང་བས་གཏམ་རྒྱུད་སོགས་ཀྱི་དཔེ་ཆ་མང་བོ་ཀློག་པར་སྐུལ་བ་དང་། གཞན་རྩོམ་ཇི་བཞིན་དུ་མ་བཤུས་ན་ཚིག་དང་ཐབས་རྐུ་བའམ་ལད་མོ་བྱེད་པ་ནི་སློབ་སྦྱོང་གི་གོ་རིམ་ཞིག་ཏུ་བལྟས་ཏེ་འོས་མཐུན་ཀྱིས་རྟིང་སྐུལ་བྱས་ན་སློབ་མའི་ལྟ་ཀློག་དང་རྩོམ་འབྲིའི་མོས་པའང་སློང་བདེ་བར་སྣང་བས། ང་རང་གིས་རྒྱུན་པར་དེ་ལྟར་བསམས་ཤིང་འདི་ལྟར་བསྒྲུབས་པ་ལགས།

 

༣ དྲི་བ། སློབ་ཆུང་སློབ་མར་མཚོན་ན་རྩོམ་ཡིག་འབྲི་བར་ཆེས་དཀའ་ཁག་ཆེ་བ་ནི་གང་རེད།

ལན། སློབ་ཆུང་སློབ་མར་མཚོན་ན་རྩོམ་ཡིག་འབྲི་སྐབས་ཆེས་དཀའ་ཁག་ཆེ་བ་ནི་རང་གི་བརྗོད་འདོད་པའི་དོན་དེ་ཡིག་ཐོག་ཏུ་འགོད་མི་ནུས་པ་དེ་རེད། དེ་ནི་དོན་ལ་སློབ་མ་དག་གི་ཞན་ཆ་མིན་པར་ང་ཚོ་མི་རིགས་འདིའི་ཞན་ཆ་ཞིག་རེད། དེའི་རྒྱུ་མཚན་ག་རེ་ཟེར་ན་ང་ཚོ་བོད་རིགས་ནི་སྐད་དང་ཡི་གེ  རིག་གཞུང་ཕུན་སུམ་ཚོགས་པའི་མི་རིགས་ཞིག་ཡིན་མོད་ད་བར་དུ་སྤྱི་སྐད་ཅིག་ཆགས་ཐུབ་མེད་པ་དེས། ང་ཚོའི་ཡུལ་ལུང་སོ་སོའི་ཁ་སྐད་དང་ཡིག་སྐད་བར་ཧེ་བག་ཆེན་པོ་ཤོར་བར་མ་ཟད། ཡུལ་ལུང་སོ་སོའི་བར་གྱི་ཁ་སྐད་ལའང་བར་ཁྱད་ཤོར་ཏེ་ཕན་ཚུན་གོ་བརྡ་མི་འཕྲོད་པའི་ཚད་དུ་ལུས་པས། འདི་ནི་ནམ་ཞིག་མི་རིགས་ཧྲིལ་བོའི་འཇིག་ཉེན་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ཁར།  ཐ་ན་བྱིས་པ་ཞིག་ལ་མཚོན་ནའང་ཁ་ནས་བཤད་ཀྱང་ལག་ནས་འབྲི་མི་ཤེས་བའི་སློབ་སྦྱོང་གི་ཀྱོག་ལམ་རིང་མོ་ཞིག་བསྐྲུན་ཡོད་པ་འདི་རེད། དེ་བས་སློབ་ཆུང་གི་སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན་ངེས་པར་དུ་སློབ་ཁྲིད་སྐབས་སུ་ཁ་སྐད་དང་ཡིག་སྐད་ཕན་ཚུན་ལྟོ་སྦྱར་ནས་ངོ་སྤྲོད་པ་དང་། ཁ་སྐད་དང་ཡིག་སྐད་ཀྱི་འབྲེལ་བ་དང་འགྱུར་མཚམས་གསལ་ཁ་འགྲོལ་རྒྱུ་ནི་གནད་འགག་ཅིག་རེད་སྙམ་མོ།།

 

༦ དྲི་བ། དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་འབྲི་བའི་དགའ་སྣང་ཇི་ལྟར་སྐྱེད་དགོས། དེ་ལ་དམིགས་བསལ་གྱི་ཐབས་ལམ་འདྲ་ཡོད་དམ།

ལན། རང་གི་ཆུ་ཚད་དང་མཉམ་མྱོང་ཉག་ཕྲ་བའི་དབང་གིས་འདི་ལ་དམིགས་བསལ་གྱི་ཐབས་ལམ་ཞེས་ན་ཆེར་མི་ཤེས་ལ། སྤྱིར་ཡང་སློབ་མར་རྩོམ་ཡིག་འབྲི་སྦྱོང་བྱེད་དུ་འཇུག་པ་ནི་སློབ་མ་ཚང་མ་རྩོམ་པ་པོ་རུ་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་མིན་ལ་དེ་ལྟར་འགྲུབ་ཀྱང་སྲིད་ཀྱི་མ་རེད།  དེའི་ཕྱིར་སློབ་མར་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱེད་པ་ནི་གང་སྦྱངས་ཟིན་པའི་མིང་བརྡ་ཚིག་ཕྲད་དང་བཅས་པ་ལག་ལེན་དུ་འདེབས་པར་སྦྱོང་བརྡར་གྱིས་ཁ་ལག་ཉིས་འཛོམས་ཀྱི་མི་ཞིག་ཏུ་སྐྱེད་ཅིང་སྲིང་བ་དེའི་སྟེང་དུ་འབབ་སྟེ། དོན་ལ་རིག་གནས་ཅི་ཞིག་བསླབས་ཀྱང་དེའི་མཐར་ཐུག་གི་དམིགས་པ་ནི་རིག་པ་གང་དེ་བྱང་ཆུབ་རྒྱུ་ཁོ་ན་ཙམ་མ་ཡིན་པར་དེ་ཉིད་བེད་སྤྱོད་ཀྱིས་འཚོ་གནས་དང་རིན་ཐང་ལ་ནུས་པ་འདོན་པ་དེ་ཡིན་པས་སོ།།

དེའི་ཕྱིར་སློབ་ཆུང་སློབ་མར་རྩོམ་ཡིག་འབྲི་རུ་འཇུག་དུས་ཀྱང་ཚང་མ་རྩོམ་པ་པོ་རུ་སྐྱེད་དོ་སྙམ་པའི་ཚད་བརྒལ་གྱི་ཧམ་སེམས་དེས་བཙན་གྱིས་འདེད་དོན་མེད་ལ། རྩོམ་གྱི་ལས་བྱ་ནི་སློབ་གྲྭའི་ཁྲལ་ལས་ཤིག་གོ་སྙམ་པའི་ཡོག་ལས་ཀྱི་སྣང་བ་ཡང་འཛིན་འོས་མེད་དེ། འདི་ཉིད་ཅིས་ཀྱང་བརྒྱུད་དགོས་པའི་སློབ་སྦྱོང་གི་གོ་རིམ་གཙོ་ཤོས་སུ་བལྟས་ནས་སློབ་མར་སྣེ་ཁྲིད་ཡག་པོ་བྱེད་རྒྱུ་དེ་ཐོག་མའི་ལམ་བུ་རེད། དེའི་རྨང་གཞིའི་སྟེང་སློབ་མའི་དགའ་སྣང་གསོ་བར་ངེས་པར་རྩོམ་བཟང་བོ་སློབ་མའི་གྲས་ནས་སྒྲོག་འདོན་བྱེད་པ་དང་འོས་འཚམས་ཀྱི་དཔྱད་མཆན་འགོད་པ། སློབ་རའི་དུས་དེབ་ཏུ་འགོད་པའམ་སྒོ་སམ་གསར་འགྱུར་དུ་འདེམས་པ་སོགས་གང་ལྟར་བྱིས་པ་དགའ་སྤྱད་ཀྱི་རིགས་མང་དུ་བསྒྲུབ་དགོས་ལ། དེ་ལྟར་སྒྲུབ་ཚེ་གཞི་ནས་སློབ་མའི་རྩོམ་འབྲི་བའི་ཡིད་ཆེས་དང་དགའ་སྣང་གསོ་ཐུབ་ཨང་སྙམ་པ་ནི་བདག་གི་དྲན་འཆར་དང་ད་སྔ་ཡན་གྱི་ལག་ལེན་ཙམ་མོ།།

 

༧ དྲི་བ། རྩོམ་ཡིག་དག་བཅོས་བྱེད་སྐབས་བྱེད་ཐབས་གང་དག་སྤྱད་ན་སློབ་མའི་ཤེས་ནུས་མཐོ་རུ་འདེགས་ཐུབ།

ལན། སློབ་མའི་རྩོམ་ཡིག་ལ་དག་བཅོས་བྱེད་སྐབས་དགེ་རྒན་ནི་སློབ་དཔོན་གྱི་ཁྲི་ཁ་མཐོན་པོ་ནས་འགྱིང་སྟེ་ཚད་གཞི་སྣ་ཚོགས་ཀྱི་ཐིག་ཤིང་འཛིན་རྒྱུ་མིན་པར། རང་ཉིད་ནི་མིག་མདུན་གྱི་བྱིས་པ་འདི་དག་གི་གསར་རྩོམ་ཀློག་པའི་ཀློག་མཁན་དཀྱུས་མ་ཞིག་ཏུ་སྒོམ་པ་དང་། དེ་ནས་མྱི་སུམ་ཅུར་བསམ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུའི་དཔེ་ལྟར་བྱིས་པ་སོ་སོ་དང་བསམ་ཚུལ་ཁ་ཁ་ཡིན་པས་ནང་དོན་གྱི་ཆ་ནས་བཤད་ཚུལ་གང་ཡང་འབྱུང་སྲིད་ལ། དེ་བཞིན་དུ་ཚང་མ་སློབ་པའི་ལམ་དུ་གནས་པས་ནོར་འཁྲུལ་ཀྱང་སྣ་ཚོགས་ཚོགས་ཤིག་འབྱུང་ངེས་ཡིན་པའི་བསམ་བློའི་གྲ་སྒྲིག་དག་ཡོད་པའི་ངོས་ནས། ཡག་རྩོག་གང་ཡིན་ཡང་སློབ་མའི་ངལ་འབྲས་ལ་གདེང་འཇོག་གོང་བཀུར་བྱེད་རྒྱུ་དེ་གཙོ་བོ་རེད། དག་བཅོས་ཀྱི་ངོས་ནས་དགེ་རྒན་གྱིས་ངེས་པར་དུ་བཅའ་དགོས་ས་དང་མི་དགོས་ས་ཡི་ཁྱད་པར་ཅིས་ཀྱང་ངེས་དགོས་ཏེ། དཔེར་ན་བསླབས་ཟིན་པའི་རྒྱུན་སྤྱོད་མིང་བརྡའི་རིགས་ནོར་བ་ཡིན་ན། དེ་ནི་ཁོ་ཚོས་རང་གིས་མཉམ་འཇོག་མ་བྱས་པའི་སྐྱོན་ཉིད་དུ་ངེས་པས། དེ་དག་རེ་རེ་ནས་རེ་རེ་བཞིན་དགེ་རྒན་གྱིས་ངལ་བས་བཅའ་བ་ལས་ཆེད་དུ་གོར་ཐིག་སོགས་ཀྱི་རྟགས་བཏབ་ནས་སློབ་མ་རང་རང་ལ་ནོར་བཅོས་བྱེད་དུ་བཅུག་པས་བཟང་ལ། ཚིག་གི་སྡེབ་སྟངས་ནོར་བའམ་མིང་བརྡ་གསར་བ་སོགས་དམིགས་བསལ་རང་བཞིན་གྱི་ནོར་འཁྲུལ་ཡིན་ན། དགེ་རྒན་གྱིས་ཀྱང་རང་གི་ལས་ཚེགས་ལ་མ་འཛེམ་པར་རེ་རེ་བཞིན་བཅའ་དགོས་པར་མ་ཟད། དཔྱད་མཆན་གྱི་རྣམ་པས་གསལ་ཁ་འོས་མཚམས་ཀྱང་འབྱེད་དགོས། དེ་ལྟར་བྱས་ན་གཅིག་ནས་སློབ་མས་ཕྱིས་ཀྱི་ཡིག་ནོར་ལ་འཛེམ་ཞིང་། གཉིས་ན་ཚིག་གི་སྦྱོར་ལུགས་སོགས་ལའང་ངེས་ཤེས་འདྲོང་སླ་བ་རེད།

 

༨ དྲི་བ། སློབ་མས་རྩོམ་ཡིག་འབྲི་སྦྱོང་ཁྲོད་སྒྲུབ་ཆོག་པ་གང་དང་མི་ཆོག་པ་གང་ཡོད།

ལན། སྤྱིར་ན་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ཁྲོད་སྒྲུབ་ཆོག་པ་འདི་དང་མི་ཆོག་པ་དེའོ་ཞེས་ཁ་མཚོན་བཅད་ཆོག་ཆོག་གི་དོན་ཞིག་ཡེ་ནས་མེད་པར་སྣང་མོད། འོན་ཀྱང་ཟུར་ངོས་གཞན་ནས་བསམ་ན་བྱ་བ་གང་ལའང་བརྒྱུད་རིམ་ཞིག་ཡོད་ངེས་ཏེ། དཔེར་ན་བྱིས་པ་ཞིག་འཚར་ལོངས་ཀྱིས་གང་བགྲོད་པའི་ལམ་དུ་གོམ་ཁ་བདེ་བར་སྒྱུར་བའི་གོ་རིམ་ལ་ཆ་བཞག་ན། ཐོག་མར་ཨོང་ཙོག་དུ་འདུག་པ་དང་། དེ་ནས་ནུར་བ། དེ་ནས་གོག་པ། དེ་ནས་ལངས་པ། དེ་ནས་འགྲོ་བ། དེ་ནས་རྒྱུག་པ། དེ་ནས་རིམ་པས་མཆོང་སྐྱོད་བྱེད་ལ། གལ་ཏེ་སུ་ཞིག་གིས་གོ་རིམ་དེ་རྩིས་མེད་དུ་བཏང་ནས་རིམ་པ་དམའ་ཤོས་ཀྱིས་མཐོ་ཤོས་ཀྱི་བྱང་རྩལ་ངོམ་མོ་སྙམ་ན། དེ་ལྟར་དྲན་མི་ཆོག་པ་ཅང་མེད་མོད་འོན་ཀྱང་ལག་ལེན་དངོས་ཀྱི་ཐད་ནས་ཅི་བས་ཀྱང་གནད་དོན་མང་དུ་འབྱུང་ངེས་རེད། དེའི་ཕྱིར་སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་སྦྱོང་བྱེད་དུས་ཅིས་ཀྱང་འཚར་ལོངས་ཀྱི་གོ་རིམ་དེ་ལ་མཉམ་འཇོག་བྱེད་དགོས་པར་འདོད་དེ།  རྒྱུ་མཚན་ནི་སློབ་རིམ་ལྔ་བ་སོགས་སུ་རང་མོས་སྙན་ངག་འབྲི་བར་འཇུག་རྩིས་ཀྱི་རྭ་ཁ་རྭ་གཡུག་བྱེད་པའི་བྱིས་པ་མང་དུ་སྣང་ལ། ཐ་ན་དགེ་རྒན་གྱི་ནང་ནའང་སློབ་མར་རྩོམ་སྟངས་ཐད་བཀག་རྒྱ་སྤྲོད་མི་རུང་བར་བསམ་མཁན་ཡང་འདུག  སྤྱིར་ན་སློབ་མར་རྩོམ་ཡིག་འབྲི་སྦྱོང་ཁྲིད་སྟོན་བྱེད་དུས་བཀག་འགོག་བྱེད་དོན་མེད་ནའང་སློབ་མའི་གོ་རྟོགས་དང་བསམ་བློས་འཆུན་ཚད་དེ་ཤེས་དགོས་ངེས་རེད། འགྲོ་མ་ཤེས་གོང་མཆོང་རྩལ་ངོམ་རྒྱུ་ཟེར་དུས་སྣ་ཁྲག་ཙར་སེ་གཏོང་བ་དང་སྟག་མཆོང་སར་ཝ་མཆོང་རྒྱུ་གཟས་དུས་རྒལ་ཚུགས་ཐོར་བའི་ཉེན་འབྱུང་ངེས་རེད། འདི་ལྟར་ཟེར་དོན་ནི་ལོ་ཆུང་ལ་ཡིད་ཆེས་མེད་པའམ་དེའི་ནུས་པར་མ་བཀུར་བ་མིན་པར་སྙན་ངག་ནི་ཚོར་འདུ་དང་འཆར་ཡན་གྱི་དབལ་ཁ་འགྲན་པའམ། ཡིད་ཁམས་འགྱུར་བག་གི་རླབས་རྒྱུན་གཡོ་ཞིང་འཁྱོམ་ལ་འཕྱོ་ཞིང་འཇགས་པའི་སྒྱུ་འཕྲུལ་གྱི་ངོ་བོར་འབྱམས་ཤིང་། གབ་སྦས་རྐྱོང་སྐུམ་དང་ཆིག་དྲིལ་བཅུད་འདུས་ཀྱི་ཐབས་རྩལ་ལྡན་པའི་ངག་གི་ལོངས་སྤྱོད་ཅིག་ཡིན་པས། དེ་ནི་ནམ་ཡང་མ་མཐའི་ཚིག་སྦྱོར་གྱི་གདེང་མེད་ཅིང་བརྡ་སྤྲོད་ཐོབ་ཐང་གི་བྱང་ཆ་ཙམ་ཡང་ཐོན་མེད་པའི་ལོ་ཆུང་བྱིས་པ་དག་གི་སྤྱོད་ཡུལ་མིན་པས། ཐོག་མར་ཇི་བཞིན་བརྗོད་པ་དང་དེ་ནས་གསལ་བྱེད་དགག་སྒྲུབ། སྙན་ངག་སོགས་འབྲི་སྦྱོང་གི་ཐེམ་པ་དག་རིམ་པ་རིམ་པར་བརྒྱུད་རྒྱུ་དེ་ཡང་བསམ་དགོས་ས་ཞིག་ལོས་ཡིན་སྙམ།།

 

༩ དྲི་བ། མཇུག་མཐར་ཁྱེད་ཀྱིས་རང་རེའི་སློབ་མ་རྣམས་ལ་ཆེས་བཤད་འདོད་པའི་སྐད་ཆ་ཞིག་གིས་བཅར་འདྲི་འདི་མཇུག་བསྡུས་ན།

ལན། དུས་ཚོད་ཀྱི་འདུ་ཤེས་མེད་པའི་མི་དང་། རང་རྟོགས་མེད་པའི་མི། ནམ་ཡང་ཁ་གཡོར་ས་འཚོལ་རྒྱུར་དགའ་བའི་མི་ལ་རེ་བ་གང་ཡང་མེད་པས། ང་ཚོའི་མིག་མདུན་གྱི་བྱིས་པ་རེ་རེ།  དུས་ཚོད་ལ་ཚེ་སྲོག་ཏུ་ལྟ་ཞིང་རང་གི་འོས་འགན་རང་རྟོགས་ཀྱིས་དང་དུ་ལེན་པའི་མི་རབས་ཤིག་ཏུ་འགྱུར་བར་སྙིང་ནས་སྨོན་ལ། དེ་ལྟ་བུའི་མི་རབས་ཤིག་འབྱུང་བར་ང་ཚོ་དགེ་རྒན་དག་གིས་ཀྱང་ནུས་ཤུགས་རྩལ་དུ་སྤྲུགས་པའི་དུས་ཚོད་ནི་ཐོན་པས་མི་ཚད་འཕྱིས་འདུག་གོ།།

 

བཅར་འདྲི་བ།       བཀའ་དྲིན་ཆེ།    བདེ་མོ།

རྩོམ་པ་པོ།            ཡ་ཡ།   བདེ་མོ།

 

༢༠༡༡ ལོའི་ཟླ ༦ ཚེས ༣༠ ཉིན་རོང་བོ་ནས།

 
 
Re:རྩོམ་པ་པོ་ཁྱུང་བཟང་ལ་བཅར་འདྲི་བྱས་པ།
[ 2014/12/14 15:27:57 | By: སྐུ་མགྲོན་w06Eui(སྐུ་མགྲོན) ]
 
སྐུ་མགྲོན་w06Eui(སྐུ་མགྲོན)ཡག་པོ་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.