ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/18 19:38:00 | By: ཁྱུང་བཟང་། ]
 

བཅུ། དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ཀྱི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བ་ལས། དཔོན་གཡོག་ལྟ་བུའི་འབྲེལ་བ་ཡིན་མི་འོས།

      སྤྱི་ཚོགས་ནི་མིས་གྲུབ་ཅིང་མི་འཚོ་གནས་བྱེད་སའི་སྤྱི་ཚོགས་ནང་གི་མི་དང་མིའི་བར་གྱི་འབྲེལ་བ་ནི་ཁེ་དབང་གི་ཐད་ནས་འདྲ་མཉམ་དང་། ཀུན་སྤྱོད་ཀྱི་ཐད་ནས་ཆེ་བཀུར་ཆུང་བྱམས།  བྱ་བའི་ཐད་ནས་ཕན་ཚུན་རོགས་རེས་སམ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡིན། དེས་ན་དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ཀྱི་འབྲེལ་བ་ཡང་དེ་ག་ལས་མ་འདས་ཏེ། སློབ་གྲྭ་དང་ཁྱིམ་ཚང་གང་ན་འདྲ་མཉམ་གྱི་ལྟ་བ་དང་ལག་ལེན་གནས་ཤིང་། སློབ་གྲྭ་དང་ཁྱིམ་ཚང་གང་ཞིག་ན་ཆེ་བཀུར་ཆུང་བྱམས་དང་ཕན་ཚུན་རོགས་རེས་ཀྱི་ཀུན་སྤྱོད་བཟང་བོ་གནས་ཚེ། དེ་དང་དེའི་གནམ་འོག་ནི་དྲོད་འཇམ་དང་དགའ་སྤྲོ།  རྒྱལ་ཁའི་གནས་མཆོག་ཡིན་ངེས། ཡང་དེ་ལས་ལྡོག་སྟེ་སྤྱི་ཚོགས་གང་ཞིག་ན་ཕོ་མཆོག་མོ་དམན་དང་། རིགས་རྒྱུད་བཟང་ངན། གྲུབ་མཐའི་ཡག་བཙོག  དཔོན་གཡོག་བྲན་བཀོལ་གྱི་རྙོག་དྲ་ཡོད་ཚེ་དེའི་ས་སྟེང་ནི་ཆགས་སྡང་དང་འཐབ་འཁྲུག སྨྲེ་ངག་དང་འོ་དོད།   མནར་གཅོད་དང་མྱ་ངན་གྱི་ར་བ་ཆེན་པོ་ཞིག་ཏུ་ཟད་ཅིང་། དེ་བཞིན་དུ་སློབ་གྲྭའམ་ཁྱིམ་ཚང་གང་ཞིག་ན་ཁྱད་གསོད་དང་དམའ་འབེབས།   ཕྱོགས་རིས་དང་ཚུལ་འཆོས།  ང་རྒྱལ་དང་རང་རློམ་སོགས་སྤྱོད་ངན་གྱི་འདུ་ལོང་འཁྲིགས་ཚེ་སློབ་གྲྭ་དང་ཁྱིམ་ཚང་དེ་ཡང་རེ་བ་གང་ཡང་མེད་པའི་མི་ཚོགས་འདུས་སྡོད་ཀྱི་ར་བ་ཙམ་དུ་ཟད་དོ།།

དེའི་ཕྱིར་ངས་འདི་ནས་རྒྱུན་ལྡན་སྤྱི་ཚོགས་ནང་གི་དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ཀྱི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བ་ལས། དཔོན་གཡོག་ལྟ་བུའི་འབྲེལ་བ་ཡིན་མི་འོས་ཞེས་བརྗོད་པ་ཡིན།

      འོ་ན་ཁྱོད་ཀྱིས་འདི་ལྟར་བརྗོད་པར་དངོས་ཡོད་ཀྱི་དཔེ་དང་བཅས་པའི་རྒྱུ་མཚན་གཞན་ཅི་ཡོད་ཟེར་ན། སྤྱིར་སློབ་གྲྭའི་སློབ་གསོའི་ངོས་ནས་དགེ་རྒན་དང་ཁྱིམ་བདག་གི་རེ་བ་དང་ལས་འགན་ནི་བྱིས་པའི་སྟེང་ན་ཡོད་པ་རེད།  དགེ་རྒན་དང་ཁྱིམ་བདག་སུ་ཡིན་ཡང་རང་གི་བྱིས་པའམ་སློབ་མ་དེ་མི་བཟང་བོ་འཇོན་ཐང་ཅན་ཞིག་ཏུ་བསྐྱེད་བསྲིང་བྱེད་རྒྱུ་ནི་མཐར་ཐུག་ནི་དམིགས་ཡུལ་དང་བྱ་བའི་ཉིང་དགོས་རེད།  ཡིན་ནའང་དེ་གསུམ་གྱི་འབྲེལ་བའི་ཐད་ནས་དགེ་རྒན་དང་ཁྱིམ་བདག་མང་ཆེ་བར་མཚོན་ན་ངེས་ཟིན་ཡང་དག་ཅིག་བྱུང་མེད་ལ། དེའི་ཤུགས་ཀྱིས་སློབ་མ་མང་ཆེ་བར་ཡང་ངོས་ཟིན་བཟང་བོ་ཞིག་འབྱུང་ཐུབ་ཀྱི་མེད།

གཅིགདགེ་སློབ་ཀྱི་འབྲེལ་བའི་ཐད་ནས་བཤད་ན་རང་གི་མི་ལོ་བཅུ་གཅིག་གི་བྱ་བའི་མྱོང་ཆོས་སུ་བོད་ཁུལ་དགེ་རྒན་མང་ཤོས་ཀྱིས་སློབ་མའི་མདུན་དུ་རང་ཉིད་དགེ་རྒན་ཡིན་པས། བྱིས་པར་ཅི་བྱེད་རང་ལག་ཏུ་ཡོད་པའི་ཉམས་སྣང་འཛིན་ཞིང་། སློབ་མར་འགལ་འཛོལ་ཕྲན་བུ་བྱུང་ཚེ་ཡང་མཐའ་གཅིག་ཏུ་གཅར་རྡུང་དང་སྡང་སྡིགས་ཙམ་གྱིས་ཐག་གཅོད་ཁུལ་བྱེད་ལ། རྒྱུན་དུ་འཇམ་པོ་ལས་དྲག་པོ་དང་རང་བཞིན་ལས་ཨུ་ཚུགས་ཐབས་དང་གྲོགས་སུ་སྤྱད་དེ་བྱིས་པ་སློབ་པའི་ལམ་དུ་སྐུལ་བར་བྱེད། སྔོན་ཆད་བྱ་བར་ཞུགས་མ་ཐག་པའི་སྔ་གཞུག་ཏུ་ང་རང་གིས་ཀྱང་དེ་ལྟར་སྒྲུབ་མྱོང་།

ཡིན་ནའང་བྱ་སྤྱོད་དེའི་རིགས་ཀྱིས་བྱིས་པར་དགེ་རྒན་མཐོང་ཚེ་འཇིགས་དངངས་སྐྱེས་པའི་ཚད་ཇེ་མཐོར་བཏང་ཞིང་།  དེ་བཞིན་དུ་བྱིས་པའི་གང་ཞིག་སློབ་འདོད་ཀྱི་མོས་པ་ཡང་རིམ་གྱིས་ཉམས་པས་བསླབ་འབྲས་ཀྱང་ཇེ་ཞན་དུ་འགྱུར་ཞིང་།  ཇི་ལྟར་བསླབ་འབྲས་མི་ལེགས་པ་དེ་བཞིན་དུ་དགེ་རྒན་གྱི་ངར་སྐད་སྔར་ལས་ཀྱང་ཇེ་ཆེ་ཇེ་མཐོར་གྱུར་བས་དགེ་སློབ་ཀྱི་འབྲེལ་བ་ནི“བྱི་ལ་དང་ཙི་གུའི”འབྲེལ་བར་འགྱུར་བ་ལས་གྲོགས་པོའི་འབྲེལ་བར་གཏན་ནས་འགྱུར་ཐུབ་ཀྱི་མེད།   

སྤྱིར་ཡིན་ན་དགེ་རྒན་ཞིག་ཡིན་ཚེ་འཛིན་གྲྭའི་ནང་གི་སློབ་བུ་རབ་འབྲིང་ཐ་གསུམ་གང་ཡིན་ཡང་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་དེ། རབ་ཡང་རྩེ་དང་འབྲིང་རབ།  ཐ་མ་འབྲིང་གི་ལམ་དུ་ཇི་ལྟར་ཁྲིད་པའི་ཐབས་ལ་འབད་ཅིང་། ཐ་ན་དྲི་བ་འདོན་པའི་ཚེ་ཡང་རབ་ལ་དཀའ་མོ་དང་། འབྲིང་ལ་ཅུང་དཀའ་བ། ཐ་མར་འདྲི་ཚིག་སླ་མོའི་རིགས་དྲིས་ཏེ། འབྲིང་རབ་ལ་སྙེག་པའི་སེམས་ཤུགས་དང་ཐ་མ་འབྲིང་ལ་སྙེག་པའི་ཡིད་ཆེས་ཐོབ་པར་བྱེད་དགོས་པ་ལས་གཞན།  སློབ་བུ་རབ་ཀྱི་རིགས་ལ་ཕམ་ཁ་སྦྱོང་བརྡར་བྱེད་དུ་འཇུག་དགོས་པ་ཡིན།  དགེ་རྒན་མང་བོ་ཞིག་ལ་མཚོན་ན་སློབ་མ་རབ་ཀྱི་རིགས་ལ་སློབ་གྲོགས་གཞན་ལས་འདང་རྩིས་ཆེ་ཞིང་།  རྒྱུན་དུ་བསྟོད་པ་རྐྱང་རྐྱང་བྱེད་པ་དང་ཐ་ན་སྐྱོན་བརྗོད་བྱེད་དགོས་པའི་གནད་དོན་འདྲ་བྱུང་ནའང་། དེའི་སེམས་ལ་གནོད་ཀྱིས་དོགས་ནས་གུ་ཡང་གནང་བའམ་མ་ཤེས་ཁུལ་བྱས་ནས་བསྐྱུར་འཇོག་པ་རེད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ལ་ཉེན་ཁ་ཆེན་པོ་ཞིག་ཀྱང་ཡིན། རྒྱུ་མཚན་ནི་སློབ་མ་དེའི་རིགས་ཀྱིས་ཕམ་ཁའི་བྲོ་བ་དང་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པའི་དོན་གནད་མི་ཤེས་ལ།  དེ་ལས་ཀྱང་ཚབ་ཆེ་བ་ནི་རང་ཉིད་ནམ་ཡང་ཨང་དང་བོ་ཡིན་སྙམ་པའི་རློམ་སེམས་ཤིག་ཆགས་སུ་འཇུག་པས། ནམ་ཞིག་ཕམ་ཁ་འདྲ་ཉོས་ཚེ་དེ་ནི་ཆེས་མི་བཟོད་པ་དང་ཆེས་ངོ་ཚ་ཆེན་པོ་ཞིག་ཏུ་བསམ་ནས་ཐ་ན་རང་སྲོག་ལ་འཇིགས་ཉེན་ཆེ་བའི་གླེན་རྟགས་ཀྱང་ཕུད་སྲིད། དེ་བས་སློབ་མ་རབ་ལ་ཕམ་ཁ་འཁུར་ཚུལ་དང་ཕམ་ཁ་སྒུལ་ཤུགས་སུ་སྒྱུར་ཐབས་ལ་སྦྱོང་བརྡར་བྱེད་དུ་འཇུག་དགོས་ལ།  ཕམ་ཁའི་འབྱུང་རྐྱེན་དང་རྒྱལ་ཕམ་གྱི་ངོ་བོ་བྱེ་བྲག་པ་རེ་རེར་ཡང་ངོས་འཛིན་ཡང་དག་པ་ཞིག་འབྱུང་དུ་འཇུག་དགོས། དེ་ལྟར་ནུས་ཚེ་གཞི་ནས་སློབ་མ་རབ་དེའི་རིགས་ནི་ཆེས་ཕུལ་དུ་བྱུང་བའི་འཇོན་ཐང་མི་སྣར་འགྱུར་བར་ཧ་ཅང་ཐག་ཉེ་བ་ཡིན།  ཡང་དགེ་རྒན་མང་བོ་ཞིག་གིས་སློབ་མ་ཞན་ཤས་ཀྱི་རིགས་ལ་དམའ་འབེབ་ཁྱད་གསོད་ཀྱི་ཚིག་སྨྲས་ཏེ་སློབ་མའི་སེམས་ལ་རྨ་ཁ་བཟོ་བ་རེད། དྲང་མོར་བཤད་ན་དགེ་རྒན་ཞིག་གི་ངོས་ནས་ཁོའི་ཆེས་ལྕི་བའི་ཉེས་པ་ནི་སློབ་མའི་སེམས་གསོད་པ་དེ་རེད། དེས་ན་ང་ཚོ་དགེ་རྒན་དག་གིས་ངེས་པར་དུ་སློབ་མ་ཞན་ཤས་ཀྱི་རིགས་ལ་འོས་མཐུན་གྱི་གོ་སྐབས་སྣ་ཚོགས་འདོན་སྤྲོད་བྱས་ཏེ་རང་ཉིད་ལ་ངོས་འཛིན་ཡག་པོ་དང་།  རང་ཉིད་རང་ལ་ཡིད་ཆེས་འབྱུང་དུ་འཇུག་རྒྱུ་ནི་འགག་རྩ་ཆེན་པོ་ཞིག་རེད།  དེ་ལྟར་ནུས་ན་ད་གཟོད་དགེ་སློབ་བར་འབྲེལ་བ་བཟང་བོ་ཞིག་ཆགས་ཏེ་རིམ་གྱིས་བར་ཐག་དང་སྦ་གསང་།  མཐོ་དམའ་གང་ཡང་མེད་པའི་གྲོགས་པོའི་འབྲེལ་ལམ་དུ་བསྐྱོད་ཐུབ་པ་ཡིན།

གཉིསཕ་མ་དང་བུ་ཕྲུག་གི་ཐད་ནས་གོང་དུ་བཤད་ཟིན་པ་ལྟར་བོད་རོང་འབྲོག་ཁུལ་གྱི་ཕ་མ་ཕལ་ཆེ་བ་ཞིག་གིས་རང་གི་བུ་ཕྲུག་གི་བདག་པོ་རང་ཉིད་ཡིན་པར་སྙམ་ཞིང་། སློབ་གྲྭར་སྐྱེལ་མིན་དང་བསླབ་འབྲས་བཟང་ངན་སོགས་ཀྱང་ཁོའི་དབང་ན་ཡོད་ཅིང་ཁོའི་བསམ་ཐོག་ཏུ་འགྲོ་དགོས་པར་འདོད། བྱིས་པ་ནི་ཁོ་རང་གི་འདོད་བློ་དང་མཐུན་ཞིང་རང་གི་བཤད་ཚད་ཁས་ལེན་དང་རང་གི་བཅོལ་ཚད་ལག་ལེན་བྱེད་མཁན་ཞིག་ཏུ་བསྐྱེད་ཅིང་བསྲིང་བ་ལས་བྱིས་པའི་འདོད་བློ་སོགས་ལ་སྣང་མེད་བྱེད་ཅིང་།  དེ་ནི་བྱིས་པའི་ངོས་ནས་བཤད་ན་ཧ་ཅང་གནས་ལུགས་མེད་པ་ཞིག་དང་རྒྱུ་མཚན་ཡང་མ་དག་པ་འབའ་ཞིག་རེད།

དེ་བས་ཁྱིམ་བདག་གིས་རང་གི་ཞེན་འདོད་ལྟར་བྱིས་པར་རེ་བ་འདོན་པ་དང་དཔོན་གཡོག་ལྟ་བུའི་སྒྲིག་ལམ་བཅའ་བ་དེས་སྐབས་རེར་བྱིས་པ་ལོག་ལམ་དུ་འགྲོ་བའམ་བྱིས་པར་སུན་སྣང་དང་ཡིད་ཆད་ཀྱི་སེམས་ཁམས་ཀྱང་བསྐྲུན་ངེས་ལ། གལ་སྲིད་ཁྱིམ་བདག་གིས་བྱིས་པ་ལེགས་ལམ་དུ་འདྲེན་འདོད་ན། ཕ་མ་བུ་ཕྲུག་གི་བར་བཅོལ་མཁན་དང་སྒྲུབ་མཁན་ལྟ་བུའི་མཐོ་དམའི་ཁྱད་པར་ཡོད་པ་ཞིག་ཏུ་མི་བསམ་པར། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱིས་སེམས་གཏམ་བརྗོད་རེས་སོགས་བྱས་ན་འགལ་བ་སྣ་ཚོགས་ཤིག་རང་སེལ་དུ་འགྱུར་ཞིང་།  ཕ་མ་བུ་ཕྲུག་གི་འབྲེལ་བ་དེ་ཡང་བློས་ཐུབ་ཀྱི་གྲོགས་པོ་ལྟ་བུའི་འབྲེལ་བ་བཟང་བོ་ཞིག་ཏུ་འགྱུར་ངེས་སོ།།

གསུམདགེ་རྒན་དང་ཁྱིམ་བདག་གི་འབྲེལ་བ་ནི་ངེས་པར་ཐག་གཅོད་བྱེད་དགོས་ལ་དམ་ཟབ་ཀྱང་གནང་དགོས་པའི་སློབ་གསོ་བྱ་བའི་དོན་གནད་ཅིག་ཡིན། དེའི་རྒྱུ་མཚན་ནི་དགེ་རྒན་གྱི་བྱ་བའི་འབབ་ས་དང་ཕ་མའི་འགན་འཁྲིའི་འབབ་ས་ནི་སློབ་མའམ་མ་འོངས་རྒྱུད་འཛིན་གྱི་བྱིས་པ་དག་ཡིན་ལ།  དགེ་རྒན་དང་ཁྱིམ་བདག་གི་ཐད་ནས་མི་སྣ་དང་ལས་རིགས་མི་གཅིག་རུང་དོན་གནད་ཀྱི་འབབ་ཡུལ་གཅིག་པ་རེད། འོ་ན་ཐུན་མོང་གི་སྐྱོང་བྱའམ་གཅེས་ཡུལ་དེ་ཡང་དག་པར་འཚར་ལོངས་འབྱུང་དགོས་ན་ཕྱོགས་གཉིས་ཁའི་གཞོག་འདེགས་སམ་གསོ་སྐྱོང་དང་ཁ་འབྲལ་ཐབས་མེད་པ་རེད། དེའི་ཕྱིར་ཁྱིམ་བདག་དང་དགེ་རྒན་གྱི་འབྲེལ་འདྲིས་ཇི་ལྟར་བཟང་ན་སློབ་མའི་གནད་དོན་ཐག་བཅད་པ་དེ་ལྟར་ལེགས་ཤིང་།  དགེ་རྒན་དང་ཕ་མའི་འབྲེལ་ཐག་ཇི་ལྟར་རིང་ན་དེ་བཞིན་དུ་སློབ་མའི་ཐད་ཀྱི་བྱ་བ་སྒྲུབ་པ་ཡང་ཆ་ཚང་དོམ་པོ་ཞིག་མིན་ཞེས་བཤད་ཆོག

དེ་ན་ང་ཚོ་བོད་རོང་འབྲོག་ས་ཁུལ་གྱི་སློབ་གསོའི་ཐད་ནས་བལྟས་ན་དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བ་ཕར་ཞོག མཚམས་ལན་རེར་དགྲ་བོ་ལྟ་བུའི་འབྲེལ་བར་ཡང་གནས་པ་རེད། ས་ཆ་ལ་ལར་མཚོན་ན་རིག་གནས་སློབ་གསོ་ཁྱབ་གདལ་མིན་པས། ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་སྐྱེལ་བ་ནི་དགེ་རྒན་གྱི་ཆེད་དུ་ཡིན་པར་བསམ་ཞིང་མཚམས་རེར་དོན་ཕྲན་ཚེགས་ཀྱི་ཆེད་དུ་ལག་ཆ་བཟུང་ནས་སློབ་གྲྭའི་ནང་ཤོར་ནས་ཡོང་སྟེ་དགེ་རྒན་ལ་གཅར་རྡུང་གཏོང་བ་དང་། དབྱར་དགུན་གནང་གི་སྐབས་སོགས་སུ་དགེ་རྒན་དག་གི་མཁོ་དངོས་རྐུན་ཁྱེར་བྱེད་པ་དང་། ཡང་སློབ་གསོ་དེ་ལྟར་སྤེལ་དཀའ་བའི་རྐྱེན་གྱིས་དགེ་རྒན་དག་ལ་མཚོན་ནའང་ས་འདིའི་ཁྱིམ་བདག་རྣམས་ནི་ཕྱུགས་དང་འགྲོགས་ནས་ཕྱུགས་ཁོ་ཐག་ཏུ་གྱུར་འདུག་ཅེས་དམན་པར་ལྟ་ཞིང་བྱ་བ་ཡང་ལས་ཡང་འགྲོ་བྱེད་པའི་བསམ་བློ་ཆགས་ཡོད་པ་རེད། ལྷག་པར་དུ་བོད་ཁུལ་གྱི་ཁྱིམ་བདག་མང་ཆེ་བར་མཚོན་ན་བྱིས་པ་སློབ་གྲྭར་བསྐྱལ་རྗེས་རང་གི་འགན་ཁུར་གྲུབ་སོང་བའམ་བྱིས་པས་གྲུབ་འབྲས་ལོན་རྒྱུ་ནི་དགེ་རྒན་ནམ་སློབ་གྲྭ་ཁོ་ནའི་འགན་ཁུར་ཞིག་ཏུ་བསམ་ནས་སློབ་མར་ཕྱོགས་གཞན་གྱི་རམ་འདེགས་གང་ཡང་མི་བྱེད་དེ། ཐ་ན་སློབ་གྲྭའི་དགེ་རྒན་ལ་ངོ་འཕྲད་ཀྱིས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཟད་ཙམ་ཡང་མི་བྱེད་དོ།།

དེ་ནི་ང་རང་དགེ་རྒན་གྱི་ལས་ཀར་ཞུགས་ནས་མི་ལོ་བཅུ་གཅིག་འགོར་ཞིང་དེའི་རིང་ལ་ཆེས་ཉུང་མཐར་ཡང་སློབ་མ་སུམ་བརྒྱ་ལྷག་བསྐྱངས་ཡོད་མོད། སློབ་མ་དེ་དག་གི་ཁྲོད་ན་ང་ལ་འབྲེལ་འདྲིས་ཐུག་འཕྲད་བྱས་མྱོང་བའི་ཁྱིམ་བདག་གི་གྲངས་ཀ་བཅོ་ལྔར་ཡང་མི་འབུད་པ་རེད། འདི་ལས་ང་ཚོའི་དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བའི་ཕྱོགས་ཙམ་ཤེས་ཐུབ་ལ།  དེ་བཞིན་བྱིས་པའི་བསླབ་འབྲས་ལ་འཕེལ་རྒྱས་མེད་པའི་རྒྱུ་རྐྱེན་གཞན་ཞིག་ཀྱང་མཐོང་ཐུབ།

དོན་ངོ་མར་བཤད་ན་སློབ་གྲྭའི་སློབ་གསོ་ནི་སློབ་མར་ཡིག་ངོ་ཆོད་དུ་འཇུག་རྒྱུ་ཁོ་ན་ཙམ་མིན་པར་སློབ་མའི་སྤུས་དག་གི་ཀུན་སྤྱོད་གསོ་སྐྱོང་དང་གཞན་ཕན་གྱི་བསམ་པའི་བློ་སྦྱོང་། གསར་གཏོད་ཀྱི་ཁྱད་ནུས་འདོན་སྤེལ། འཚོ་གནས་ཀྱི་རིན་ཐང་ངོས་འཛིན།  ཤེས་རིག་གི་ཆུ་ཚད་མཐོར་འདེགས་སོགས་མི་སྒེར་དང་སྤྱི་ཚོགས་ལ་ཕན་ནུས་ཡོད་པའི་འཇོན་ཐང་མི་སྣ་ཞིག་ཏུ་བསྒྱུར་བསྐྲུན་གནང་རྒྱུ་དེ་རེད། དེས་ན་དེ་ནི་སློབ་གྲྭ་ཁོ་ནས་ག་ལ་ནུས་ཏེ་ཕ་མ་གཉེན་ཉེ་དང་ཐ་ན་སྤྱི་ཚོགས་ཧྲིལ་བོར་ཡང་འགན་ཁུར་ཡོད་པ་རེད། ཡིན་ནའང་བོད་ཁུལ་གྱི་ཕ་མ་མང་ཆེ་བ་དགེ་རྒན་ལ་མི་ཐུག་ཅིང་བྱིས་པའི་གནས་ཚུལ་ཁྱད་པར་བ་དཔེར་ན་སློབ་མའི་རྣ་བ་མི་གསལ་བའམ་མིག་ཤེད་ཉམས་སྐྱོན་ཅན། སྙིང་ཁམས་འཁྲུག་པའི་ནད་ཡོད་པ།  ཁྲག་ཤེད་མཐོ་བ།  གཉིད་ལངས་སྟེག་པ།  དགོང་མོར་གཅིན་ཤོར་བ་སོགས་ཀྱི་སྣང་ཚུལ་མི་ལེགས་པའི་རིགས་སྔོན་ནས་དགེ་རྒན་ལ་ངོ་སྤྲོད་ཞུ་འབུལ་མི་གནང་ལ། སློབ་གྲྭ་དང་ཁྱིམ་བདག་ཟུང་འབྲེལ་གྱིས་བྱིས་པའི་བདེ་སྡུག་ལ་ཁག་ཐེག་དང་དོ་དམ་འཐུས་ཚང་ཡོང་བ་བྱེད་རྒྱུའི་རྣམ་འགྱུར་ཡང་མི་འཛིན་པས།  སྐབས་རེར་དགེ་རྒན་དག་ལ་དངོས་ནས་འཇིགས་པ་སློང་ཞིང་ཐ་ན་སློབ་མ་རེ་རེའི་ཚེ་སྲོག་ཁག་ཐེག་བྱེད་པའི་དཀའ་ལས་སུའང་གཏོད་པ་རེད། གལ་སྲིད་བྱ་བ་མི་ལེགས་པ་འདྲ་བྱུང་ཚེ་ཁྱིམ་བདག་གིས་མཐའ་གཅིག་ཏུ་སྐྱོན་ཡོད་ཚད་དགེ་རྒན་གྱི་སྟེང་དུ་འདེད་ཅིང་ཉེས་པ་ཡོད་ཚད་དགེ་རྒན་གྱིས་ཁུར་དགོས་པའི་ཨུ་ཚུགས་བྱེད་པ་རེད།  བདག་གི་ཁྱིམ་བདག་ལགས།  བྱ་བ་འདིའི་རིགས་ཀྱི་སྟེང་ན་ཁྱོད་ལ་ཁུར་དགོས་པའི་འགན་འཁྲི་གང་ཡང་མེད་དམ། 

ད་དུང་ཁྱིམ་བདག་ཁ་ཅིག་གིས་བྱིས་པ་ནར་མ་སོན་པར་དོ་འཐེན་པ་དང་ཆང་འཐུང་བ།  མཚན་མོར་རུ་མྱུག་ཏུ་འགྲོ་བ་སོགས་ལ་བཀག་འགོག་བྱེད་པ་ཕར་ཞོག་ཤིན་ཏུ་གཅེས་མདོག་ཁ་བོས་ད་རུང་མཐུན་རྐྱེན་སྦྱོར་བ་རེད།  སྣང་ཚུལ་དེ་དག་ཚང་མ་སློབ་གྲྭའི་གཏན་འཁེལ་གྱི་སྒྲིག་ལམ་དང་སློབ་མའི་སྲུང་བྱ་དག་དང་གཏན་འགལ་བྱུང་ཡོད་པས།  ཁྱིམ་བདག་གི་མཉམ་འབྲེལ་མེད་པའི་སློབ་གྲྭའི་སློབ་གསོ་ནི་དངོས་ནས་གཤོག་ཡ་ཆད་པའི་རྒོད་པོའི་འཕག་འཚག་ལས་ཀྱང་ཞེ་སྡུག་ལ་ཡིད་སྐྱོ་བ་ཞིག་རེད།

དེ་བས་སློབ་མ་བཟང་བོ་ཞིག་འཁྱོངས་མིན་དེ་དགེ་རྒན་དང་ཁྱིམ་བདག་གཉིས་ཀར་འབྲེལ་བ་ཡོད་པས།  དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བ་ནི་ཁག་འགེལ་མཁན་དང་ཁག་ཁུར་མཁན་གྱི་འབྲེལ་བ་མིན་པར་ཁག་ཁུར་མཁན་དང་ཁག་ཁུར་མཁན་གྱི་འབྲེལ་བར་གྲུབ་པ་རེད། གལ་ཏེ་ཕྱོགས་གཉིས་ཀར་བྱིས་པ་ཁག་ཁུར་གྱི་བསམ་བློ་ཡོད་ཅིང་བྱིས་པ་སློབ་གྲྭར་གནས་དུས་དགེ་རྒན་དང་བྱིས་པ་ཁྱིམ་ན་གནས་དུས་ཁྱིམ་བདག་གི་སློབ་སྟོན་དང་གཅེས་སྐྱོང་གང་ལེགས་གནང་ན།  གཞི་ནས་སློབ་མའི་འཕེལ་རྒྱས་ལ་རྨང་གཞི་དང་གོ་རིམ་ཡོད་པར་འགྱུར་ལ། དེ་མིན་ཚེ་ཉིན་མོ་ལྷས་བཞེངས་པ་མཚན་མོར་འདྲེས་བཤིག་པ་དང་ཡང་མཚུངས་པར་ངེས་སོ།།

 

 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/24 14:16:39 | By: སྐུ་མགྲོན་H41Ogs(སྐུ་མགྲོན) ]
 
སྐུ་མགྲོན་H41Ogs(སྐུ་མགྲོན)ང་ཚོར་མཁོ་བ་ནི་རྨང་གཞི་སློབ་གསོ་ཡིན་པས།ལེགས་རྩོམ་འདིར་སྙིང་ཐག་པ་ནས དགའ་བསུ་ཞུ།།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/19 20:19:44 | By: qongsang ]
 
qongsangསྐུ་ཉིད་ཡང་ཡང་ཕེབས་ཏེ་ཕྲན་གྱི་རྩོམ་ཡིག་འདི་ལ་ལྟ་ཀློག་བྱས་པར་སྙིང་ནས་བཀའ་དྲིན་ཞུ་རྒྱུར་མ་ཟད། ཁྱེད་ཀློག་མཁན་དག་ནི་ནམ་ཡང་བདག་གི་རྒྱབ་རི་ཡིན་ཞེས་སྨྲ་བར་འདོད་དོ།། ཁྱུང་བཟང་གིས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/19 15:18:19 | By: སྐུ་མགྲོན་LQHs38(སྐུ་མགྲོན) ]
 
སྐུ་མགྲོན་LQHs38(སྐུ་མགྲོན)གཞན་གྱི་ཚབ་བྱེད་མི་ཐུབ་སྟབས་
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/19 15:11:47 | By: སྐུ་མགྲོན་LQHs38(སྐུ་མགྲོན) ]
 
སྐུ་མགྲོན་LQHs38(སྐུ་མགྲོན)ངས་ཁྱེད་ཀྱི་སློབ་གསོའི་ལེགས་རྩོམ་འདི་མུ་མཐུད་ཀློག་བཞིན་ཡོད། ཕྱོགས་གང་ཅིའི་ཐད་ནས་སེམས་ལ་མི་འབབ་པའི་སྐད་ཆ་མཐོང་མ་སོང་བ་མ་ཟད་ཁོ་བོས་ནམ་རྒྱུན་སློབ་གསོའི་སྐོར་ལ་བསམ་གཞིགས་བྱས་པའི་མྱོང་ཚུལ་དང་མཐོང་སྣང་གི་དྭོགས་གནད་ཆ་ཚང་འདིར་བཏོན་ཡོད་པའི་བཟོ་འདྲ་ཞིག་འདུག ཡིན་ནའང་ང་ཕྱི་གོས་དམར་པོ་གྱོན་ནས་དབེན་གནས་འགྲིམས་མཁན་ཞིག་ཡིན་པ་ལས་ཁྱེད་ཀྱི་སློབ་གསོ་འདི་མྱོང་རོལ་བྱེད་མཁན་གྱི་སློབ་ཕྲུག་ཅིག་དང་། བསམ་གཞིགས་བྱེད་མཁན་གྱི་དགེ་རྒན་ཞིག སློབ་བུའི་མདུན་ལམ་ལ་འགན་འཁུར་གྱི་ཁྱིམ་བདག་ཅིག་བཅས་གང་ཡང་མིན་པས་ངས་བཀླགས་པ་འདིས་གཞན་གྱིས་ཚབ་བྱེད་མི་ཐུབ་སྟབས་ཕོངས་སེམས་ཀྱང་སྐྱེ་རུ་བཅུགས་སོང་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.