དགུ། དགེ་རྒན་ནི་སྣེ་ཁྲིད་པ་ལས་ཡོད་ཚད་སྦྱིན་མཁན་མིན།
གང་ཞིག་ཡོན་ཏན་ཁྱད་དུ་འཕགས་པའི་དགེ་དང་གང་ཞིག་ཀུན་སྤྱོད་རྣམ་པར་དག་ཅིང་ཉམས་མྱོང་གིས་ཕྱུག་པའི་རྒན་ཏེ། དགེ་རྒན་ཞིག་ལ་མ་མཐའ་ཡང་སློབ་མའི་ཚོགས་དང་བསྡུར་ཚེ་ནང་ཡོན་ཏན་གྱི་གཏེར་མཛོད་དང་ཕྱི་ཀུན་སྤྱོད་ཀྱི་མ་དཔེ་བཟང་བོ་ལྟ་བུའི་ཁྱད་ཆོས་འཛོམས་དགོས་པ་ནི་གཞིར་བཞག་ཡིན་ལ། དེ་མིན་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ཟབ་པ་བརྩོན་འགྲུས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་གསུངས་པ་བཞིན་དགེ་རྒན་ནི་རང་བཞིན་ཞི་ཞིང་དུལ་བ། ཡོན་ཏན་ཟབ་ཅིང་བརྩོན་འགྲུས་ལྡན་པ། ཐོས་པའི་རྒྱུད་ཕྱུག་པ། དེ་ཉིད་རྟོགས་པ། སྨྲ་བ་ལ་མཁས་པ། གཞན་ལ་བརྩེ་བའི་སེམས་དང་ལྡན་པ། བྱ་བའི་ཐོག་མཐའ་བར་གསུམ་དུ་སྐྱོ་ཞིང་སུན་པའི་སྣང་བ་དང་བྲལ་བ་ཞིག་ཡིན་དགོས་པར་བསྟན་པས། འདི་འདྲའི་ཚད་ལྡན་གྱི་དགེ་རྒན་ནི་དེང་སྐབས་ཧ་ཅང་དཀོན་པར་སྣང་ལ་ཇི་ལྟར་མཐོང་དཀོན་པ་བཞིན་དུ་མཐོང་བ་དག་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་ཡི་རང་གོང་བཀུར་གནང་འོས་པ་ནི་སྨོས་མེད་རེད།
གང་ལྟར་དགེ་རྒན་ནི་མ་གཞི་ནས་རིག་གནས་སློབ་གསོའི་འདེགས་ཤིང་དང་མིའི་རིགས་ཀྱི་བསམ་བློའི་བཟོ་སྐྲུན་པའམ་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་པས། དགེ་རྒན་ཆེ་ཆུང་སུ་ཡིན་ཡང་རང་གི་འོས་འགན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། རང་གི་ཞན་ཆ་ལ་ཕྱིར་རྟོག་གམ་བཅོས་སྒྱུར་རབ་དང་རིམ་པ་བྱེད་དགོས་ལ། དེ་ནི་རང་གིས་རང་ལ་མགོ་མི་གཡོགས་པ་དང་རང་གིས་གཞན་ལའང་མགོ་མི་གཡོགས་པའི་དོན་སྙིང་ལག་ཏུ་ལེན་ཕྱིར་ཡིན།
ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དགེ་རྒན་མང་བོ་ཞིག་ལ་མཚོན་ན་དགེ་རྒན་རང་ཉིད་ཀྱི་བྱ་སྤྱོད་དེས་གཞན་ལ་མིག་དཔེ་བཟང་བོ་ཞིག་སྟོན་ཐུབ་ཀྱི་མེད་ལ། ལྷག་པར་དུ་གཞི་རིམ་ལ་མཚོན་ན་དེ་འདྲ་ཡིན་ཏེ། དགེ་རྒན་གྱི་ཁྲོད་དུ་ལ་ལས་རྒྱུན་པར་ཆང་དང་མཱ་ཅང་སོགས་ཀྱིས་དགེ་སློབ་གཉིས་ཀྱི་ཁྲིད་སྦྱོང་གི་དུས་ཚོད་གང་མང་དོན་མེད་དུ་བརླག་པ་དང་། ཡང་ཁ་ཅིག་གིས་བྱ་བ་ལ་གཟབ་ནན་གྱི་རྣམ་འགྱུར་མི་འཛིན་པར་ཡང་ལས་ཡང་འགྲོ་དང་ཉི་མ་ཕུད་ཐབས་ཙམ་བྱེད་པ་རེད། སྣང་ཚུལ་འདིའི་རིགས་ཀྱིས་བྱིས་པའི་གསེར་ལས་དཀོན་པའི་དུས་ཚོད་ཆུད་ཟོས་དང་ཁྱིམ་བདག་གི་རི་ལས་མཐོ་བའི་རེ་བ་རྨག་མེད་དུ་བཟོས་པ་རེད། དེ་བཞིན་དུ་ས་གནས་སློབ་གསོ་ནི་ནམ་ཡང་ཡར་སྐྱེད་མེད་པའི་སྡོང་སྐམ་ཞིག་གི་ཚད་དུ་ལུས་ཤིང་། རིག་གནས་སློབ་གསོ་དར་ཁྱབ་གཏིང་ཟབ་མ་བྱུང་བས་དམངས་ཡོངས་ཀྱི་གོ་རྟོགས་སད་ཚད་ཀྱང་ཤིན་ཏུ་དམའ་བ་རེད། ཡང་དགེ་རྒན་མང་བོ་ཞིག་ལ་མཚོན་ན་རང་གི་ལང་ཚོ་དང་དུས་སྐལ་ཡོད་ཚད་མ་འོངས་པའི་བདག་པོ་ཆུང་ཆུང་དག་ལ་ཕུལ་ཏེ། དེ་དག་རེ་བ་ཡོད་ལ་དམིགས་འབེན་དང་ལྡན་པ། ཆུ་ཚད་མཐོ་ཞིང་སྤུས་ཀ་ལེགས་པའི་མི་རབས་གསར་བ་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་ཅིང་། དགེ་རྒན་དེའི་རིགས་ལ་ཀུན་གྱིས་གདེང་འཇོག་དང་ཡིད་ཆེས་མཚན་སྙན་ཐོབ་པར་མ་ཟད། ཁྱིམ་བདག་དང་སློབ་མའི་སེམས་ཁོང་གི་ལྷ་དང་ལྷ་མོ་ལྟ་བུར་གྱུར་ཡོད་པ་རེད།
ཡིན་ནའང་འདིར་གསལ་བཤད་ཞུ་རྒྱུ་ནི་ང་ཚོའི་སྤྱི་ཚོགས་ནང་སློབ་གསོའི་རིན་ཐང་ལ་ངེས་ཤེས་གསར་དུ་རྙེད་པའི་ཁྱིམ་བདག་མང་བོ་ཞིག་ལ་མཚོན་ན་རང་རང་གི་བུ་ཕྲུག་འཁྱོངས་འདོད་ཀྱི་འདུན་པ་གཞན་ལས་ཤུགས་དྲགས་པས། རྒྱུན་དུ་དགེ་རྒན་རྣམས་ལ་འདི་འདྲའི་ལས་བཅོལ་གྱི་ཚིག་སྨྲ་སྟེ“དགེ་རྒན་ལོ་ལོ། ངའི་བྱིས་པ་འདི་འཁྱོངས་ན་མི་འཁྱོངས་ན་ཁྱོད་ཅིག་གསལ། གལ་ཏེ་བྱིས་པས་ཁ་མི་ལེན་ན་གཅར་རྡུང་བྱོས་དང་བསམ་འཆར་ཉག་ཟིག་ཡོད་ན་ཁྱོའི་བ(སྐེ)། ཨ་དགེ་རྒན་ལོ་ལོ ” སོགས་ཟེར་བ་རེད། ཚིག་འདི་དག་ལས་ཁྱིམ་བདག་འདིའི་རིགས་བྱིས་པར་རེ་བཞག་ཆེ་བ་ཤེས་ཐུབ་མོད། འོན་ཀྱང་ཁོ་ཚོས་དགེ་སློབ་ཀྱི་བྱ་བའི་འབྲེལ་བར་ངོས་འཛིན་བྱེད་པའི་ཐད་ནས་ད་དུང་ཁ་གསལ་མིན་པ་དང་ཡང་དག་མིན་པའི་ཆ་ཡོད་དེ། ཁོ་ཚོའི་བསམ་པར་བུ་ཕྲུག་འཁྱོངས་མི་འཁྱོངས་དེ་རིག་གནས་ཡོད་མེད་དང་འབྲེལ་ཞིང་ཤེས་བྱ་རིག་གནས་ཁྲིད་མཁན་དགེ་རྒན་ཡིན་པས། དོན་དེའི་མཐར་ཐུག་གི་ཡོད་ཚད་དགེ་རྒན་ལ་ཐུག་འདུག་འདོད་པ་རེད། དོན་དངོས་སུ་དགེ་རྒན་ཅི་འདྲའི་བཟང་བོ་མཆོག་གྱུར་ཞིག་ཡིན་ཡང་དེ་ལ་ཁྱིམ་བདག་རྣམས་ཀྱི་རེ་བར་རམ་འདེགས་མཐུན་སྦྱོར་གྱི་ནུས་པ་ཡོད་ཀྱང་། རེ་བ་དེ་དག་ཇི་བཞིན་དུ་ཡོངས་འགྲུབ་བྱེད་པའི་ནུས་པ་མེད་ལ། བྱིས་པ་ཚང་མའི་མ་འོངས་མདུན་ལམ་ཐག་གཅོད་བྱེད་པའི་གདེང་ཚོད་ཀྱང་གཏན་ནས་ཡོད་མི་སྲིད། དེ་བཞིན་དུ་ཕ་མར་མཚོན་ནའང་དོན་དེ་མཚུངས་ལས་མ་འདས་སོ།།
གསལ་བོར་བཤད་ན་དགེ་རྒན་ནི་ལམ་སྟོན་སྒྲོན་མེ་དང་སློབ་མ་ནི་སྒྲོན་མེའི་འོད་ལ་བརྟེན་ནས་འགྲུལ་བཞུད་གཏོང་མཁན་ཏེ། རང་གི་དམིགས་འབེན་ལ་སླེབས་མི་སླེབས་ནི་གཙོ་བོ་འགྲུལ་བཞུད་པ་རང་གི་བརྩོན་འགྲུས་དང་དཀའ་སྤྱད་ཁུར་ཁྱེར་གྱི་སྙིང་སྟོབས་ལ་ཐུག་ཡོད་པ་རེད། ཡང་དཔེ་གཞན་ཞིག་གི་སྟེང་ནས་བཤད་ན་དགེ་རྒན་ནི་སྦྲང་རྩིའི་བྱུང་རིམ་དང་དེའི་རྒྱུ་ཆ། དེ་འགྲུབ་པའི་བརྒྱུད་རིམ། དེའི་རོ་དང་ཕན་ནུས་སོགས་ངོ་སྤྲོད་པ་པོ་ཡིན་ལ། སྦྲང་རྩིའི་རོ་མྱོང་མཁན་དངོས་ནི་ཁྱོད་སློབ་མ་རང་ཉིད་ཡིན་ཏེ། ཇི་སྲིད་སྦྲང་རྩིའི་རོ་མ་མྱང་བར་དུ་དགེ་རྒན་གྱིས་ངོ་སྤྲད་པའི་ཚིག་དེ་ངེས་པ་ཙམ་གྱིས་སྦྲང་རྩིའི་རོ་དངོས་ནམ་ཡང་ཤེས་པར་མི་འགྱུར་ལ། དེའི་ཕན་ནུས་ཀྱང་ཁྱོད་ལ་ཐོབ་པར་མི་འགྱུར་བས། གཙོ་བོ་ཐོས་དོན་ལག་ལེན་དུ་སྦྱོར་བ་གལ་ཆེ་ཞིང་། ནམ་ཞིག་དགེ་རྒན་གྱིས་ཁྲིད་པ་དག་རང་གིས་དངོས་སུ་བེད་ཆོད་ཅིང་ཉམས་སུ་མྱོང་ཐུབ་པ་བྱུང་ཚེ། ཁྱོད་ནི་གཞི་ནས་འཁྱོངས་ཡོད་དོ།།
དེའི་ཕྱིར་དགེ་རྒན་ནི་ཤེས་རིག་གི་སྣེ་སྟོན་པ་ལས་ཡོད་ཚད་སྦྱིན་མཁན་མིན་ལ། དགེ་སློབ་ཀྱི་ལས་ཀའི་འབྲེལ་བ་ཡང“དགེ་རྒན་ནི་འཁྲབ་ཁྲིད་པ་དང་། སློབ་མ་ནི་འཁྲབ་སྟོན་པ། བསླབ་དེབ་ནི་འཁྲབ་གཞི”ལྟ་བུ་ཞིག་ཡིན་པར་སྨྲའོ།།