བཞི། ཁ་རོག་གེར་འདུག་པ་ཡ་རབས་ཀྱི་ཚད་དུ་བརྩི་མི་རུང་།
ང་ཚོ་བོད་རིགས་ནི་ཡ་རབས་ཀྱི་མི་རིགས་ཤིག་དང་བྱམས་སྙིང་རྗེས་ཟིན་པའི་མི་རིགས་ཤིག་ཡིན་པས། རྒྱུན་ལྡན་འཚོ་བའི་ཁྲོད་ཡ་རབས་གཤིས་བཟང་ལ་གདེང་འཇོག་དང་མ་རབས་ཐ་ཤལ་གྱི་རིགས་ལ་དམན་པར་ལྟ་བ་ཡིན། འདི་ནི་མི་རིགས་ཤིག་གི་ཀུན་སྤྱོད་སློབ་གསོ་དར་སྤེལ་ལ་མཚོན་ན་ཧ་ཅང་གཙིགས་འཛིན་གནང་རིན་ཡོད་པ་ཞིག་དང་གླེང་སློང་བྱེད་རིན་ཡོད་པ་ཞིག་རེད། ཡིན་ནའང་རང་རའི་ཁྱིམ་བདག་མང་པོ་ཞིག་ལ་མཚོན་ན་དུས་རྒྱུན་འཚོ་བའི་ནང་བྱིས་པ་ཁ་རོག་ཏུ་འདུག་པ་དེ་ཡ་རབས་ཀྱི་རྟགས་མཚན་མངོན་གསལ་ཅན་ཞིག་ཏུ་བརྩི་ཞིང་། རྣམ་ཀུན་བྱིས་པ་ལ་སྐད་ཆ་མི་མང་བར་ཁ་རོག་ཏུ་འདུག་པར་སྐུལ་བ་དང་། ལྷག་པར་དུ་འགྲུལ་བའམ་མི་མང་འདུ་བའི་ཚེ་བྱིས་པའི་ཁ་འགོག་པ་དང་ཁ་རོག་གེར་འདུག་པའི་བྱེད་ཐབས་འཇམ་རྩུབ་སྣ་ཚོགས་སྤྱོད་པ་རེད། སྣང་ཚུལ་དེས་བྱིས་པར་རང་གི་དྲན་ཚུལ་བརྗོད་པའི་གོ་སྐབས་མེད་པར་བྱས་པ་དང་། རང་དབང་གཏམ་བརྗོད་ཀྱི་བགོ་སྐལ་འཕྲོག་པས་བྱིས་པའི་གཞི་རྩའི་ཁེ་དབང་ཞིག་ལ་དོན་མེད་རྡོག་རྫིས་བཏང་བ་རེད། ལྷག་པར་དུ་དུས་རྒྱུན་གྱི་འཚོ་བའི་དོན་རྐྱེན་སྣ་ཚོགས་ཁྲོད་བྱིས་པས་རང་གི་ལྟ་ཚུལ་དང་འདོད་ཚུལ་བརྗོད་པའམ་དོན་རྐྱེན་བཟང་ངན་གང་ཞིག་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་བརྗོད་པའི་ཚེ། ཁྱིམ་བདག་མང་བོ་ཞིག་གིས་བྱིས་པའི་གཏམ་ལ་ཉན་པའམ་དབྱེ་ཞིབ་བསམ་གཞིག་གཏོང་བ་ཕར་ཞོག ད་དུང་བྱིས་པར་དྲིན་ཕ་མར་ཁ་ལན་སློག་བྱུང་ཞེས་རྫིག་རྫིག་རྔམ་རྔམ་གྱིས་གཤེ་ཞིང་གཅར་ལ། ཁ་དཔེར་ཡང “བྱིས་པར་ཚྭ་ཁུ་མི་དགོས། བྱིས་པར་ལ་ཙི་མི་དགོས། བྱིས་པར་སྐད་ཆ་མི་དགོས”ཞེས་མི་དགོས་པའི་རྣམ་གྲངས་མ་ཎི་བཞིན་བགྲངས་ཏེ། བྱིས་པའི་གཏམ་བརྗོད་རང་དབང་ལ་བཀག་འགོག་ཤུགས་ཆེན་གནང་བ་རེད། འདི་ནི་ང་ཚོ་བོད་ཀྱི་སློབ་མ་མང་ཆེ་བར་དཔྱད་གླེང་གི་ནུས་པ་ཞན་པ་དང་རང་ཉིད་ཀྱི་ལྟ་ཚུལ་ངེས་གཏན་བརྗོད་རྒྱུ་མེད་པའི་འབྱུང་རྐྱེན་གཙོ་བོར་གྲུབ་པ་རེད། ངོས་གཞན་ཞིག་ནས་བཤད་ན་སྣང་ཚུལ་འདིས་བྱིས་པའི་ངོས་ནས་ཁྱིམ་ཚང་གི་དོན་དག་གླེང་བའམ་དེ་ལ་འཇུག་པའི་འགུལ་སྐྱོད་ཁེ་དབང་གི་ཉག་ཕྲ་བ་མཚོན་པར་མ་ཟད། བྱིས་པའི་དངོས་ཡོད་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་དོན་དངོས་ལ་ཁ་གཏོད་པ་དང་བསམ་གཞིག་དབྱེ་ཞིབ་བྱེད་པར་བཀག་རྒྱ་བཟོས་ཤིང་། དེ་དག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ལ་བྱིས་པའི་འཚོ་བར་དགའ་ཞིང་དངོས་དོན་ལ་གཞོལ་བའི་རྩལ་ནུས་སྦྱོང་བརྡར་ལའང་བར་ཆད་བཟོ་བཞིན་ཡོད། དེའི་ཕྱིར་ཁྱིམ་བདག་རྣམས་ཀྱིས་བྱིས་པར་གཏམ་བརྗོད་ཀྱི་གོ་སྐབས་མང་དུ་སྟེར་བ་དང་། བྱ་དངོས་གང་ལའང་ཁོ་རང་གི་ངོས་འཛིན་དང་དྲན་ཚོར་བརྗོད་དུ་འཇུག་པ། ཁྱིམ་ཚང་གི་གནད་དོན་ལ་བསམ་ཚུལ་བརྗེ་རེས་བྱེད་དུ་འཇུག་པ་སོགས་བྱིས་པའི་གཏམ་བརྗོད་ཁེ་དབང་ལ་བརྩི་མཐོང་དང་གཏམ་བརྗོད་ཁོར་ཡུག་གསར་བསྐྲུན་ལེགས་པོ་བྱེད་དགོས་པར་འདོད་དོ།།