ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/9 16:21:00 | By: ཁྱུང་བཟང་། ]
 

གཉིས། ཕ་མའི་བྱམས་བརྩེ་ལ་དམིགས་ཡུལ་ཡོད་དགོས།

ང་ཚོ་བོད་ཀྱི་ཕ་མ་དག་ལའང་སྔོན་ཐོན་སྤྱི་ཚོགས་ནང་གི་ཕ་མའམ་ཡང་ན་ཕ་མ་དེ་དག་ལས་ལྡབ་འགྱུར་གྱིས་ལྷག་པའི་བྱམས་དང་བརྩེ་བ་ཡོད་པ་རེད། དེ་ནི་ང་ཚོའི་མི་རིག་རིག་གནས་ཀྱིས་བསྐྱེད་པའི་ཐོན་དངོས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། གཞན་ལ་ངོམ་དུ་རི་བ་ཞིག་ཀྱང་ཡིན། ཡིན་ནའང་སྤུས་ཀའམ་མིག་རྒྱང་གི་ཆ་ནས་བལྟས་ན་ང་ཚོའི་ཕ་མ་བྱིངས་ཀྱི་བྱམས་བརྩེ་ལ་དམིགས་ཡུལ་ཁ་གསལ་གང་ཡང་མེད་ལ། བྱམས་བརྩེ་རིགས་དེས་ང་ཚོའི་བྱིས་པ་ནི་དཀའ་སྡུག་གི་ཉམས་སད་མི་ཐེག་པ་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་པ་རེད།

དཔེར་ན་ང་ཚོའི་དངོས་ཡོད་སྤྱི་ཚོགས་ནང་ཕ་མ་མང་བོ་ཞིག་གིས་རང་གི་བྱིས་པར་སྒོར་མོ་གང་འདོད་དུ་སྟེར་བ་དང་།  དེས་རང་ཉིད་བྱིས་པར་དགའ་ཞིང་བྱིས་པ་ལ་གཅེས་སྐྱོང་བྱེད་པ་མཚོན་གྱིན་ཡོད། དོན་དངོས་སུ་སྣང་ཚུལ་དེས་བྱིས་པར་སྒོར་མོ་གང་འདོད་དུ་བཀོལ་བའི་ངན་གོམས་ཞིག་བསྐྱེད་པ་དང་།  ནམ་ཞིག་སྒོར་མོ་མེད་ཚེ་བྱིས་པ་རྐུ་དང་ཇག་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་རེད། ཡང་ཁ་ཅིག་གིས་བྱིས་པར་སྒོར་མོ་སྟེར་བ་ནི་མ་རུང་བ་ཞིག་ཏུ་རྩིས་ཏེ།  བྱིས་པར་མཁོ་མཁོ་ཐམས་ཅད་རང་ཉིད་ཀྱིས་ཉོས་ཏེ་བྱིས་པའི་འདོད་བློ་སྐོང་བ་ལས་བྱིས་པའི་ལག་ལ་རང་དགར་སྒོར་མོ་མི་འཇོག་ལ། བྱེད་སྟངས་དེས་སྒོར་མོ་གང་འདོད་དུ་བརླག་པའི་ངན་གོམས་བཟློག་ཐུབ་ནའང་། སླར་ཡང་བྱིས་པར་གང་འདོད་ཀྱི་ཆ་རྐྱེན་འདོན་པའི་ངན་གོམས་ཤིག་བསྐྱེད་ཅིང་། ཕ་མས་རང་གིས་ཆ་རྐྱེན་གང་བཏོན་སྒྲུབ་དགོས་སྙམ་པའི་སྤུས་མ་དག་པའི་བསམ་བློ་དང་། ལྷག་པར་དུ་ཡོད་ཚད་ཕ་མའམ་མི་གཞན་ལ་བརྟེན་པའི་ནུས་མེད་ཀྱི་སྲོལ་ངན་ཞིག་ཀྱང་ཆགས་སུ་འཇུག་པ་རེད།  ཕ་མའི་བྱེད་སྟངས་འདིའི་རིགས་བྱམས་བརྩེ་དང་བྱམས་བརྩེའི་མངོན་ཚུལ་ཞིག་མིན་པར་ནི་སུས་ཀྱང་སྒྲུབ་མི་ནུས་མོད།  འོན་ཀྱང་བྱམས་བརྩེའི་དམིགས་ཡུལ་དང་མཐའ་འབྲས་བཟང་ངན་གྱི་ཆ་ནས་རླབས་ཆེ་བའི་ཕ་མ་དག་ལ་མཚོན་ནའང་འདང་མི་རྒྱག་རང་རྒྱག་གི་དངོས་ཡོད་གནད་དོན་ཞིག་རེད། 

      དོན་དངོས་སུ་བྱིས་པར་སྒོར་མོ་གང་བྱུང་དུ་སྟེར་བ་དེ་ཅང་མིན་ལ། གཅིག་ཀྱང་མི་སྟེར་བ་དེ་ཡང་ཅང་མིན་ཏེ་བྱིས་པར་འོས་འཚམ་གྱི་སྤྱོད་དངུལ་སྟེར་དགོས་པ་མ་ཟད། བྱིས་པ་ལ་ལེགས་ཉེས་ཀྱི་དབྱེ་མཚམས་གསལ་བའི་རང་གི་འགུལ་སྐྱོད་རང་དབང་ཐོབ་དགོས་པ་རེད། གཙོ་བོའི་གཙོ་བོ་ནི་བྱིས་པར་སྒོར་མོའི་ཡོང་ཁུངས་གསལ་བོར་ངེས་པར་བྱེད་པ་སྟེ་དཀའ་སྡུག་དོན་སྙིང་གིས་ཕྱུག་པའི་བྱ་བ་སྣ་ཚོགས་སྒྲུབ་ན་ད་གཟོད་སྒོར་མོ་ཐོབ་ཅིང་། ཅི་ལྟར་རང་ལ་དཀའ་སྤྱད་ཁུར་ཁྱེར་གྱི་སྙིང་སྟོབས་དང་བརྩོན་འགྲུས་ཡོད་ན་དེ་ལྟར་སྒོར་མོ་མང་བོ་ཐོབ་ཐུབ་པའི་གནས་ལུགས་ངེས་པར་བྱེད་པ་དང་།  སྒོར་མོའི་བཟང་ངན་ཡང་སྒོར་མོ་རང་སྟེང་ན་མེད་པར་བེད་སྤྱོད་བྱེད་མཁན་རང་གི་སྤུས་ཚད་ཀྱི་སྟེང་ན་གནས་པ་སོགས་སྒོར་མོའི་ཐད་ལ་ངོས་འཛིན་ཡང་དག་བྱེད་པར་སློབ་སྟོན་གནང་རྒྱུ་དེ་རེད།

ངོ་མ་བཤད་ན་བྱིས་པ་ཞིག་གི་འཚར་ལོངས་གོ་རིམ་ཁྲོད་ཕ་མའི་བྱམས་བརྩེ་ནི་མེད་དུ་མི་རུང་བའི་གཙོ་ཤུགས་ཞིག་ཡིན་ལ།  དེ་ཡང་ཁ་ཕྱོགས་དང་དམིགས་ཡུལ་གསལ་ལ་མཇུག་འབྲས་ཁག་ཐེག་བྱེད་ཐུབ་པ་ཞིག་ཡིན་དགོས་ཏེ།  དེ་མིན་ཚེ་བྱམས་བརྩེ་ནི་བྱིས་པ་རྒྱ་ཡན་དུ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་སྲིད་པ་ནི་རང་རང་གི་ཁོར་ཡུག་ནས་རྒྱུན་པར་མཐོང་བའི་བུ་ཕྲུག་ལང་ཤོར་དག་གི་ནག་ཉེས་དང་སྤྱོད་ངན་སྣ་ཚོགས་ལས་ཡོངས་སུ་རྟོགས་ནུས་སོ།།

 

 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/16 22:33:52 | By: སྐུ་མགྲོན་017Hyl(སྐུ་མགྲོན) ]
 
སྐུ་མགྲོན་017Hyl(སྐུ་མགྲོན)ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གངས་ཟླས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/15 16:09:18 | By: qongsang ]
 
qongsangསྐུ་ཉིད་ཀྱིས་འདི་ལྟར་བསམ་ཚུལ་ལྷུག་པོར་བརྗོད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་མ་ཟད། འདི་ཉིད་དག་སྒྲིག་གིས་ཟིན་བྲིས་ཤིག་གི་རྣམ་པས་དྲ་བ་འདི་ཉིད་དུ་འགོད་པའི་རེ་བ་ཡང་སྙིང་ནས་ཞུས་པ་ཡིན། ཁྱུང་བཟང་གིས་གུས་འདུད་དང་བཅས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/14 18:35:20 | By: སྐུ་མགྲོན་0gw3AN(སྐུ་མགྲོན) ]
 
སྐུ་མགྲོན་0gw3AN(སྐུ་མགྲོན)དེ་རིང་ཡང་འདི་ན་བསམ་ཚུལ་ཞིག་འདོན་འདོད་པས་དགོངས་ཡངས་གང་བར་ཞུ། ཡང་ངས་འདི་ལྟར་བཤད་དུས་ཆོས་ཀྱི་བསླབ་བྱ་དེ་ཡང་དག་མ་ཡིན་པ་རུ་ངོས་འཛིན་རྩ་བ་ནས་བྱེད་ཀྱིན་མེད། མདོར་ན་ཆོས་ཁྲིམས་ཀྱི་བསླབ་བྱ་དེ་ཉིད་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཁུར་ནས་འཇིག་རྟེན་གྱི་བྱ་བཞག་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་དེས་ཁྱབ་དགོས་པར་འདོད་པའི་ལྟ་ཚུལ་དེར་མི་འཐད་པའི་ཚུལ་ཙམ་བརྗོད་པ་དེ་རེད།
ཆོས་ཀྱི་བསླབ་བྱ་དེ་ཉིད་དགེ་འདུན་པ་དང་། ཆོས་སྤྱོད་ཉམས་ལེན་པ་རྣམས་ལ་ངེས་པར་དུ་དགོས་ངེས་པ་ཞིག་དང་། དང་ལེན་བྱེད་འོས་པ། ཉམས་ལེན་རྒྱུད་ཐོག་ཏུ་སྦྱར་འོས་པ་ཞིག་ཡིན་པ་ནི་སུས་ཀྱང་བཤད་མ་དགོས་པ་ཞིག་རེད། གལ་སྲིད་ཆོས་ཀྱི་བསླབ་བྱར་འཁོད་པའི་སློབ་དཔོན་བསྟེན་ཚུལ་དང་སློབ་བུ་སྐྱོང་ཚུལ། དགེ་སྡིག་སྤོང་ལེན་བྱེད་ཚུལ་ཏེ། མདོར་ན་དད་པ་དང་། ཡིད་ཆེས། བརྩི་བཀུར་བཅས་ཀྱིས་བཅིངས་པའི་ཆོས་ཀྱི་བསླབ་བྱ་དེ་མེད་ན། ཞི་བདེ་དང་བྱམས་སྙིང་གི་གནས་ལུགས་དེ་སེམས་རྒྱུད་དུ་འབྱོང་བ་དཀའ་ལ་དེ་བཞིན་ཆོས་ཀྱི་བསླབ་བྱས་ཡང་དག་པ་མ་ཟིན་པའི་དགེ་འདུན་པར་བསླབ་པ་རྒན་གཞོན་གྱི་བརྩི་བཀུར་དེ་མི་ཡོང་ལ། བླ་མ་དང་སློབ་བུའི་དམ་ཚིག་གནས་མི་ཐུབ་པ་ཟད་དབང་ལུང་གི་རྒྱུད་པ་འཆོལ་འགྲོ་བ་དང་། འགྲན་རྩོད་དང་ཆགས་སྡང་གི་ངོ་རིས་དམར་པོ་ལྷང་ལ་འབུད་ནས་དགོན་སྡེ་ཕར་ཞོགས། སྤྱི་ཚོགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཞིག་རེད། དཔེར་ན། ཇི་སྐད་དུ། སློབ་དཔོན་གསང་ཞིང་རང་ཆེ་བསྒྲུབ། །ཅེས་པ་ལྟ་བུ་སྟེ། ཚུལ་དེ་ནི་དེང་སང་འཇིག་རྟེན་གྱི་གྲུ་ག་གང་ས་ནས་མངོན་བཞིན་པ་དེ་རེད། ཆོས་སྤྱོད་ཉམས་ལེན་པ་ཡང་དག་པ་ཞིག་ཡིན་ཚེ། ཆོས་ཀྱི་བསླབ་བྱ་ལ་གནས་དགོས་པ་གོང་བཤད་ལྟར་ཡིན་ཏེ། ཇི་སྐད་དུ། བླ་མ་ལྷ་ཡིས་བཀའ་བྱུང་ན། །དམྱལ་བར་བཅུགས་ཀྱང་གཟོད་དུ་མཆིས། །ཞེས་དང་། བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན། །ཞེས་དང་། བླ་མ་སངས་རྒྱས་འདུ་ཤེས་མ་བཞག་ན། །ཡི་དམ་དམིགས་པ་གསལ་ཡང་འདོད་བློ་ཡིན། །ཞེས་པ་སོགས་ཚད་ལྡན་གྱི་ལུང་དུ་མས་བསྟན་པ་ལྟར་རང་ལ་དད་གུས་ཀྱི་འདུ་ཤེས་དང་། དེ་བཞིན་གཟོད་པ་དང་སྙིང་སྟོབས་ཀྱི་འདུ་ཤེས་དེ་ཡོད་དགོས་པ་དང་། དེ་མེད་ན་རང་ཉིད་ཆོས་སྤྱོད་ཉམས་ལེན་པ་ཡང་དག་པ་ཞིག་དང་། ཇི་ལྟར་དཀའ་བ་སྤྱད་པའི་གྲུབ་དོན་གྱི་འབྲས་བུ་ཅི་ཡང་འཐོབ་མི་སྲིད་པ་ནི་གོང་མ་རྣམས་ཀྱི་ཉམས་མྱོང་གི་བསླབ་བྱ་དེས་གསལ་བཤད་བྱས་པ་ཞིག་རེད། གོང་མིང་པས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/12 22:48:31 | By: སྐུ་མགྲོན་N63Uly(སྐུ་མགྲོན) ]
 
སྐུ་མགྲོན་N63Uly(སྐུ་མགྲོན)དཔེར་ན། ཆོས་ཀྱི་བསླབ་བྱ་སྟེ་སློབ་མ་སྣོད་ལྡན་ཡིན་མིན་སྐད་ཆ་བཤད་པའི་ཚེ་འདི་ལྟར་ཡོད། "དུག་བཞིན་སྤོངས་དགོས་པའི་སློབ་བུ་ཞེས་རང་རྒྱུད་གྱོང་བ་དང་། དྲེད་པོའི་རིགས། སྤྱོད་པ་རྩུབ་པ། ལེ་ལོ་ཆེ་བ་སོགས་ལྷན་སྐྱེས་ཀྱི་རང་གཤིས་སུ་གྲུབ་པའི་སློབ་མ་དེ་ཚོའི་རིགས་ཐབས་ཤེས་དང་བཙན་ཐབས་ཅི་རིགས་ཀྱི་སྒོ་ནས་སྤོངས་ཏེ་མཁས་པའི་དགྲ་རུ་མི་འོང་བ་སྤང་དགོས་པ་འཁོད་ཡོད། དེ་ནི་བོད་ཀྱི་ཆོས་ལུགས་ཀྱི་ནང་དུ་འཁོད་པའི་སློབ་བུ་སྤོང་ལེན་བྱེད་ཚུལ་གྱི་བསླབ་བྱ་སྟེ་ཆོས་ལུགས་སྤྱི་ཡིས་ཁས་ལེན་དུ་རུང་བ་ཞིག་ཏུ་བརྩི་ཆོག། དེས་གང་ཞིག་བསྟེན་ཞེ་ན། རྩུབ་པོ་ཞི་བར་བྱེད་པའི་བསླབ་བྱ་དང་། གྱོང་པོ་འདུལ་བར་བྱེད་པའི་བསླབ་བྱ། དྲེད་པོ་རྒྱུད་སྦྱོང་བའི་བསླབ་བྱ། ལེ་ལོ་བརྩོན་འགྲུས་སུ་བསྐུལ་བའི་བསླབ་བྱ་སོགས་ནད་ལ་སྨན་བསྟེན་པ་བཞིན་སྐྱོན་རྣམས་དག་སེལ་གཏོང་བའི་བསླབ་བྱ་དང་། སློབ་བུ་ཚུར་འགུག་བྱེད་པའི་བསླབ་བྱ་དེ་ཁས་ལེན་གྱིན་མེད་པའམ། སློབ་བུ་དེ་དག་མཐར་རུ་བཀར་ནས་རྒྱ་ཡན་དུ་བཏང་བའི་ལྟ་ཚུལ་ཞིག་ཡོད་པ་མ་ཟད་མི་རིགས་ལྟ་བར་འབྱུང་བའི་མཐོ་དམན་དང་བཟང་ངན་གྱི་དབྱེ་འབྱེད་ཅིག་ཀྱང་རང་ཤུགས་ཀྱིས་ཐོན་ཡོང་གི་ཡོད། ད་དུང་དེ་བས་མ་ཚད་པར་སློབ་བུ་རེ་རེའི་མོས་ཁམས་ལ་བསྟུན་ནས་དེ་ལ་དེ་སྟོན་གྱི་ཤེས་བྱ་ཞིག་ཀྱང་བསྟེན་ཤེས་ཀྱིན་མེད་པའི་ཚུལ་དུ་ལྷག གང་ལྟར་ཆོས་ལུགས་ཀྱི་བསླབ་བྱ་མང་ཆེ་བ་ནི་གཞན་བསྟེན་དང་ཆོས་ཁྲིམས་ཀྱིས་དམ་དུ་བསྡམས་པའི་བསླབ་བྱ་ཞིག་ཡིན་པས་དེ་ཉིད་སྤྱི་ཚོགས་དང་ལྷན་དུ་བསྲེས་ན་རང་དབང་གི་སྒུལ་ཤུགས་ལ་འགོག་རྐྱེན་ཆེན་པོ་ཐོན་ཡོང་བ་ཞིག་ཡིན་པའི་ཚོར་སྣང་བྱུང་། གཞན་དག་ལ་ལྟོས་དང་ཡི་གེ་སྦྱོང་འདོད་མེད་མཁན་དང་ཆོས་ཀྱི་སློབ་གཉེར་བྱེད་འདོད་མེད་མཁན་གྱི་ན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་ནའང་རང་རང་ལ་ལམ་ཁ་རེ་འདམ་ང་བྱེད་རྒྱུ་ཡོད་པ་སྟེ། དཔེར་ན། ཞིང་ལས་ཀྱི་སློབ་སྦྱོང་དང་། འབྲོག་ལས་ཀྱི་སློབ་སྦྱོང་། དེ་བཞིན་ཤིང་བཞོག་རྒྱུ། རི་མོ་འབྲི་རྒྱུ། ཚོན་གཏོང་རྒྱུ། མགར་བྱེད་རྒྱུ། ཁང་པ་ལས་རྒྱུ། འཚེམ་པོ་རྒྱག་རྒྱུ། ཐ་ན་ཤོག་བུ་ཆག་རྒྱག་སྟངས་ཡན་ཆད་ཀྱི་ཤེས་བྱ་སྣ་ཚོགས་ཤིག་ཡོད་པས་དེ་དག་གང་ཞིག་རང་གི་མོས་ཕྱོགས་ལྟར་སྦྱངས་ནས་རང་རང་གི་ཁ་ཐབས་གཞན་དང་འདྲ་མཉམ་བྱེད་ནས་མི་ཚེའི་བདེ་སྐྱིད་ལ་ལོངས་སྤྱོད་བྱེད་ཀྱིན་ཡོད། དེ་ནི་གང་ཟག་རང་རང་ལ་དབང་བའི་འདུ་ཤེས་གསར་པའི་རྩོལ་ཤུགས་ཀྱིས་རང་ཉིད་རང་ཉིད་ཀྱིས་བཞེངས་པའི་ཚུལ་ཞིག་རེད། ད་མང་སོང་། ཐུགས་སུན་མེད་པར་ཞུ། ཞེས་གོང་མིང་པས་ཐོལ་བྱུང་དུ་བསམ་ཚུལ་ཡ་མ་བརླ་ཞིག་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཕུལ།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/12 22:45:07 | By: སྐུ་མགྲོན་N63Uly(སྐུ་མགྲོན) ]
 
སྐུ་མགྲོན་N63Uly(སྐུ་མགྲོན)བཀུར་འོས་ཁྱུང་བཟང་ལགས། ཁྱེད་ཀྱིས་གསུངས་པ་ལྟར་ངས་ཁ་རྒྱན་ཅུང་ཙམ་ཞིག་མ་སྦས་ལྷུག་བརྗོད་བྱས་ཡོད་པས་ཞེ་དང་མི་མཐུན་པར་བྱུང་ན་དགོངས་འགལ་མེད་པར་ཞུ། ་་་་་བརྗོད་དུ་མི་དགོས་ཀྱང་། ཞེས་པ་ནས་མཐུད་ན་འགྲིགས། དེང་རབས་དང་མཐུན་པའི་སྐད་ཆ་ཞིག་བཤད་ན་ཆོས་ཀྱི་བསླབ་བྱ་མང་ཆེ་བར་གང་ཟག་རང་ཉིད་ཀྱི་རང་དབང་གི་འདུ་ཤེས་དང་འགུལ་བསྐྱོད་ལ་བཀག་འགོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན། རང་རེའི་མི་རིགས་སུ་འདྲ་ཞིག་ཡིན་ནའང་འཇིག་རྟེན་འདིར་སྐྱེས་པ་ནས་དབུ་བཙུགས་ཏེ་ཆོས་ལུགས་གྲུབ་མཐའ་གང་ཞིག་གི་ནང་དུ་འདེད་ནས་ཕུང་པོ་གསུམ་པའི་གང་ཟག་ཞིག་གམ་ཆོས་དང་མ་འདྲེས་པའི་མི་རིགས་རིག་གནས་ཀྱི་དབུས་ལམ་ཞིག་གམ། ཀུན་གྱིས་ཁས་ལེན་དུ་རུང་བའི་རིག་གནས་ཤིག་གྲུབ་མི་ཆོག་པའི་ལྟ་བ་དང་། དེ་བཞིན་སློབ་དེབ་ཞིག་ལ་ཆ་བཞག་ནའང་དབུ་ནས་མར་ཀློག་པའི་ཚེ་གང་ཞིག་ལ་ཕྱག་འཚལ་ལོ། །ཞེས་འཁོད་ཡོད་པ་དེས་དང་པོ་ནས་སློབ་དེབ་ཉམས་ལེན་བྱེད་མཁན་དེ་ཉིད་ཆོས་ལུགས་ཤིག་གི་ནང་དུ་བཙུད་ཡོད་པ་ཤེས། ད་དུང་རྒྱལ་རབས་ལོ་རྒྱུས། དཔྱད་རྩོམ་སོགས་མང་ཆེ་བ་ནི་ཆོས་ལུགས་ཀྱི་གྲུབ་མཐའི་ལྷད་མ་ཞུགས་པར་མི་རིགས་རིག་གནས་ཀྱི་ལྟ་བ་རྐྱང་པར་བརྗོད་པ་ཞིག་མཇལ་རྒྱུ་དཀོན། དེས་ན་མི་ཞིག་གིས་ཚན་རིག་དང་མཐུན་པའི་སྐད་ཆ་བཤད་ནས་ཆོས་ལུགས་རིག་གནས་ཀྱི་བསླབ་བྱ་དང་ལྟ་བར་མི་མཐུན་པའི་བསམ་འཆར་ཞིག་བཏོན་ཡོད་ཚེ་དང་པོ་ཉིད་ནས་མི་དེས་དངོས་དོན་གྱི་བསམ་འཆར་གང་ཞིག་བཏོན་ཡོད་མེད་དང་དེ་ལ་དགེ་མཚན་ཡོད་མེད་མི་བལྟ་བར་སྐྱོན་ཁོ་ནའི་ཁ་ཕྱོགས་སུ་བཟུང་ནས་ལྟ་ལོགས་སོགས་ཀྱི་ངན་སྨྲ་ཡ་ང་བ་འདོན་སྲོལ་ཞིག་ཡོད་རེད། སྐྱོན་དེས་རང་རིགས་རྣམས་ཆོས་ལུགས་ཀྱི་གྲུབ་མཐའ་ཁོ་ནས་སྒྲོགས་ལས་བཅིངས་ཡོད་པ་ཤེས། མུ་མཐུད་་་
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/12 19:30:18 | By: སྐུ་མགྲོན་1ja4DP(སྐུ་མགྲོན) ]
 
སྐུ་མགྲོན་1ja4DP(སྐུ་མགྲོན)གངས་ཟླ་ལགས་ཀྱི་གསུང་ལ་རྗེས་སུ་ཡི་རང་ཞུ་གི་ཡོད། ཡིན་ཡང་གོང་གི་ཚིག་༼ སློབ་གསོ་དེ་དག་ཇི་འདྲ་ཞིག་ཡིན་ནའང་སྤྱིར་ན་དགེ་མཚན་གྱི་ཆ་རེ་རེ་ཡོད་པ་ནི་བརྗོད་དུ་མི་དགོས་ཀྱང་། ཡིན་ནའང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་འཁོར་ཡུག་ལ་ཐེབས་པའི་འདུ་ཤེས་གསར་པ་དང་། གོང་འཕེལ་གྱི་ལྟ་བའི་འདུ་ཤེས་གསར་པ་ཁུར་ནས་ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་གསར་པ། མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པའི་སློབ་གསོའི་འདུ་ཤེས་གསར་པ་སོགས་མང་པོ་ཞིག་ནི་ད་དུང་རྗེས་ལུས་ནང་གི་རྗེས་ལུས་ཡིན་པ་ཤེས་དགོས་འདུག ༽ ཅེས་པ་འདིའི་ནང་དུ་ཡི་གེ་ཞིག་ཆད་མེད་དམ་སྙམ་པས། ཡོད་མེད་ཁ་གསལ་གནང་རོགས་ཞུ། ཁྱུང་བཟང་གིས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/11 19:32:46 | By: སྐུ་མགྲོན་K51Qi7(སྐུ་མགྲོན) ]
 
སྐུ་མགྲོན་K51Qi7(སྐུ་མགྲོན)གསུམ། མི་མང་ཆེ་བ་ཞིག་ནི་ཡིག་རྨོངས་ཡིན་སྟབས་སློབ་གསོ་དང་རང་ཉིད་ཀྱི་ངོ་གདོང་ལྷན་གཅིག་ཏུ་བསྒྲིལ་ནས་ཡོད་ཀྱང་ད་དུང་སློབ་གསོ་ལ་སློབ་གསོའི་ངོ་བོ་ངོས་མ་ཟིན་ཏེ་སློབ་གསོ་ཞེས་པ་ནི་བཟའ་རྒྱུ་ཞིག་གམ། གྱོན་རྒྱུ་ཞིག ཡང་ན་སློབ་གསོ་ཞེས་པ་ནི་ཕར་ཟད་ཞིག་ལ་ཡོད་པར་ངོས་འཛིན་གྱིན་ཡོད་སྟབས་རང་ཉིད་ཀྱི་ཀུན་སྤྱོད་དང་བསྲེ་ཐུབ་ཀྱིན་མེད། དེ་འདྲ་ཡིན་དུས་མི་དེས་སློབ་གསོའི་ལམ་ཁ་ངོ་མ་མཐོང་ཐུབ་མེད་པས་སྤྱི་ཚོགས་ལ་ཞབས་ཞུ་གང་འདྲ་བྱས་ནའང་རྣམ་པར་དག་པ་དང་། དགེ་མཚན་ལྡན་པ་ཞིག་བྱེད་མི་ཐུབ། ཡིན་ནའང་རང་ཉིད་ཀྱིས་རང་ཉིད་མི་ཡག་ཤོས་ཤིག་དང་འཇོན་ཤོས་ཤིག་ཡིན་པར་བསྒོམ་སྲིད་ལ་ངོས་འཛིན་བྱེད་སྲིད་པ་རེད། དོན་དག་སློབ་གསོ་ཞེས་པ་ནི་མི་ཡི་ཟས་སྤྱོད་བསྟེན་སྟངས་དང་མཚུངས་པ་ཡིན་ཏེ། དཔེར་ན་མི་ཞིག་བདེ་ཐང་གིས་འཚར་ལོངས་འབྱུང་དགོས་ན་མི་དེས་སྔ་དགོང་དྲོ་གསུམ་གྱི་ཟས་སྤྱོད་དུས་ཚོད་ལ་ཏག་ཏག་བསྟེན་ནས་བཟའ་ཉན་པ་དང་མི་ཉན་པ། ལུས་ཁམས་བདེ་ཐང་བསྐྱེད་བྱེད་ཀྱི་ཟས་རིག་གང་དང་གང་དག་ཡིན་པར་དབྱེ་ཞིབ་བྱེད་ནས་ཉིན་མ་གཅིག་འདྲ་བར་རྒྱུན་དུ་བསྟེན་ན་ཉིན་ཞིག་མི་དེར་ཟས་སྤྱོད་བསྟེན་སྟངས་དེ་མི་དེའི་གོམས་གཤིས་ལ་ཆགས་ཀྱི་ཡོད་པས་དཀའ་སྣང་འཚེར་སྣང་གང་ཡང་མེད། དེར་བསྟེན་མི་དེས་ལས་དཀའ་གང་བྱས་ནའང་རྩོལ་ཤུགས་ཀྱི་ནུས་པ་འདོན་ཐུབ་ལ། ཚོར་སྣང་སྐྱེན་པོ་ཡོང་བ་དང་། བློ་བདེ་གུ་ཡངས་ཡིན་པ་སོགས་ལུས་ཀྱི་བདེ་ཐང་དང་འབྲེལ་བའི་སེམས་ལ་སྤྲོ་སྣང་ཡོང་གི་ཡོད་པས་མི་ཚེའི་རིན་ཐང་རིང་དུ་འགྲོ་ནས་ལོ་བརྒྱ་བརྒལ་བའི་ཚེ་ཚད་ཀྱི་ནུས་ལ་བསྐྱེད་བསྲིངས་ཐུབ་ཀྱིན་ཡོད་པ་རེད། དེ་ནི་དཔེ་མཚོན་ཞིག་རེད། གངས་རིའི་རྒྱབ་ནས་གངས་ཀྱི་ཟླ་བས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/11 19:05:44 | By: qongsang ]
 
qongsangམཚན་མི་གསལ་བའི་གྲོགས་པོ་གང་ཉིད་གནས་འདིར་ཕེབས་པར་དགའ་བསུ་ཞུ་རྒྱུར་མ་ཟད། གསེར་ལས་ལྷག་པའི་རང་གི་དྲན་ཚུལ་ཡི་གེའི་གཟུགས་སུ་བཀོད་པར་བཀའ་དྲིན་ཞུ་རྒྱུ་ཡིན། ཁྱུང་བཟང་གིས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/11 17:18:14 | By: སྐུ་མགྲོན་I41Pgt(སྐུ་མགྲོན) ]
 
སྐུ་མགྲོན་I41Pgt(སྐུ་མགྲོན)སློབ་གསོའི་སྐོར་གྱི་ཆེད་རྩོམ་འདི་ངོ་མ་སེམས་འགུལ་ཐེབས་པ་ཞིག་རེད།
དེ་ཕྱིར་ཁྱེད་ལ་དགའ་བསུ་ཞུ། ཕྲན་གྱིས་བསམ་ཚུལ་རེ་འགའ་ཞིག་ཀྱང་འདིར་འགོད་པར་འདོད་པས་དགོངས་འཁྲོལ་ཡོད་པ་ཞུ།
ང་ཚོའི་ཁྱིམ་བདག་གམ་རྒན་རབས་མང་ཆེ་བ་ཆོས་ཀྱི་སློབ་གསོའི་ཤུགས་རྐྱེན་ཁོ་ནའི་འོག་བྱིས་པ་གཅེས་སྐྱོང་བྱེད་ཚུལ་ནས་བཟུང་སྟེ་ཀུན་སྤྱོད་སློབ་གསོ་ཞིག་ཡོད་པ་དེ་ནི་ལས་འབྲས་ལ་བརྩི་བསྲུང་ཞེས་དགེ་བཅུའི་བསླབ་བྱ་ཞིག་དང་། ཕ་མ་བླ་མ་ཉི་མ་གསུམ་ཞེས་གོང་བཀུར་གྱི་ཡུལ་དམ་པར་བརྩི་བའི་བརྩི་བཀུར་གྱི་སློབ་གསོ་ཞིག། རྒན་གཞོན་གོང་འོག་ཅེས་ལོ་ན་བགྲེས་གཞོན་གྱི་ཁྱད་པར་གྱིས་སྤྱི་ཚོགས་ལ་ཉམས་མྱོང་ཆེ་ཆུང་གི་སྟེང་ནས་རྒན་གཞོན་གྱི་སློབ་གསོ་ཞིག དེ་བཞིན་དགེ་སློབ་བར་གྱི་འདུ་ཤེས་འཇོག་སྟངས་ཀྱང་རྗེ་འབངས་ལྟ་བུའི་སློབ་གསོ་བྱེད་ཚུལ་དམིགས་བསལ་བ་མང་པོ་ཞིག་ཡོད་པ་རེད། སློབ་གསོ་དེ་དག་ཇི་འདྲ་ཞིག་ཡིན་ནའང་སྤྱིར་ན་དགེ་མཚན་གྱི་ཆ་རེ་རེ་ཡོད་པ་ནི་བརྗོད་དུ་མི་དགོས་ཀྱང་། ཡིན་ནའང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་འཁོར་ཡུག་ལ་ཐེབས་པའི་འདུ་ཤེས་གསར་པ་དང་། གོང་འཕེལ་གྱི་ལྟ་བའི་འདུ་ཤེས་གསར་པ་ཁུར་ནས་ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་གསར་པ། མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པའི་སློབ་གསོའི་འདུ་ཤེས་གསར་པ་སོགས་མང་པོ་ཞིག་ནི་ད་དུང་རྗེས་ལུས་ནང་གི་རྗེས་ལུས་ཡིན་པ་ཤེས་དགོས་འདུག དེ་ཡང་སྡུག་ས་ནས་བཤད་ན་རང་རེའི་སྤྱི་ཚོགས་འདི་ལ་ཁག་མེད་ས་མང་པོ་ཞིག་ཡོད་དེ། གཅིག བྱིས་པ་སློབ་གསོས་གསོ་སྐྱོང་བྱེད་མཁན་གྱི་ཕ་མ་མང་ཆེ་བ་ནི་ཞིང་འབྲོག་གི་ཐོན་བསྐྱེད་གསེང་ནས་འཚར་ལོངས་བྱུང་བ་ཡིན་པ་དང་། ཁོང་ཚོ་ཆུང་ནས་སློབ་གྲར་ཚད་ངེས་ཅན་ཞིག་ཏུ་འགྲིམས་མ་ཐུབ་པས་ཤེས་ཡོན་གྱི་སློབ་གསོས་མི་འདང་བ་དང་། དེས་ན་རང་གིས་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་སློབ་གསོ་སྟེར་མི་ཐུབ། གཉིས། དགེ་རྒན་རྣམས་ཀྱིས་ཀྱང་ནམ་རྒྱུན་ཕྲུ་གུ་ཚོར་དཔེ་ཆ་སློབ་རྒྱུ་དང་། འདོན་རྒྱུ། འབྲི་རྒྱུ་སོགས་ཤེས་ཡོན་ཡ་གྱལ་བ་རེ་ཙམ་སློབ་ཐུབ་པ་ཙམ་གྱིས་ཡིད་ཚིམས་ནས་འདུག་རྒྱུ་མ་གཏོགས་ཤེས་ཡོན་དེ་སྤྱི་ཚོགས་ཐོག་བཀོལ་སྤྱོད་བྱེད་སྟངས་དང་འཇོན་ནུས་འདོན་སྟངས་གང་འདྲ་དགོས་མིན་གྱི་སློབ་གསོའི་རིག་པ་ནི་དགེ་རྒན་ལའང་ཉམས་མྱོང་ཡོད་མཁན་དཀོན་པས་དགེ་ཕྲུག་ལ་སློབ་རྒྱུ་དེ་བས་སོ། །ད་དུང་་་་་་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.