ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན། 
[ 2012/3/6 19:05:00 | By: ཁྱུང་བཟང་། ]
 
       

རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།

སློབ་ཆུང་དགེ་རྒན་ཞིག་གི་བསམ་ཚུལ།

  

སྙིང་ཉེ་བའི་ཁྱིམ་བདག་རྣམ་པ།

                                    སྐུ་ཁམས་བཟང་།

       ང་ནི་བོད་རིགས་ཀྱི་དགེ་རྒན་དཀྱུས་མ་ཞིག་ཡིན། ང་ལ་དབང་ཆ་དང་སྙན་གྲགས། རྒྱུ་ནོར་སོགས་ཀུན་གྱི་བརྩོན་ལེན་བྱེད་ཀྱིན་པའི་ཐོབ་ནོར་གང་ཡང་མེད་མོད། ངས་ཁྱིམ་བདག་རྣམས་ལ་འདི་ལྟར་རང་གི་དྲན་ཚུལ་ཙམ་ཞུ་འདོད།

     སྤྱིར་ན་རིག་གནས་སློབ་གསོ་ཁྱབ་གདལ་ཤུགས་ཆེན་བྱུང་ཡོད་པའི་དབྱིན་ཇི་ལྟ་བུར་མཚོན་ན་དགེ་རྒན་དང་སྨན་པ་ནི་ཆེས་བརྩི་འཇོག་དང་ཆེས་ཡི་རང་གི་གནས་སུ་བཀུར་བ་རེད། དེ་ནི་དགེ་རྒན་དག་གིས་མི་རྣམས་ཀྱི་ནང་རྨོངས་པའི་མུན་པ་སེལ་ཞིང་། སྨན་པ་དག་གིས་མིའི་ཕྱི་ལུས་ཀྱི་ནད་གཞི་སྣ་ཚོགས་གསོ་ལ་། མི་སུ་འདྲ་ཞིག་ལ་མཚོན་ནའང་ནང་བསམ་བློ་བདེ་ཐང་དང་ཕྱི་ལུས་པོ་བདེ་ཐང་ནི་བདེ་སྐྱིད་དོན་སྙིང་གིས་ཕྱུག་པའི་འཚོ་བ་མངོན་འགྱུར་གྱི་གཞི་རྩ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁག་ཐེག་ཡིན་པར་ངོས་འཛིན་བྱེད་པས་རེད། ཡིན་ནའང་ང་ཚོ་བོད་ཁུལ་ལ་མཚོན་ན“ཀུང་ཧྲེ་ཧྲུའུ་ཅི་རྟ་བཞོན་རེད།། ཀྲི་པུའུ་ཧྲུའུ་ཅི་བོང་བཞོན་རེད།།  དགེ་རྒན་ལས་ངན་རྐང་ཐང་རེད།།” ཟེར་བ་བཞིན་དགེ་རྒན་གྱི་ཐོབ་ཐང་ནི་ཆེས་དམན་པའི་ཚད་དུ་བྱེད་ཅིང་། ཐ་ན་རོང་འབྲོག་ས་གནས་ཀྱི་བུ་མོ་དག་གིས “ ལས་བྱེད་ཅིག་མག་པར་མི་ལོན་རུང་དགེ་རྒན་ཞིག་ལོས་རྙེད ” ཟེར་བ་ལྟ་བུའི་ཚིག་ལས་ཀྱང་ང་ཚོ་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་དེ་ཚད་ཅི་འདྲ་ཞིག་ཏུ་ལུས་ཡོད་པ་ངང་གིས་ཤེས་པས། ངས་འདི་ལྟར་ཁྱིམ་བདག་རྣམས་ལ་མི་རིགས་ཀྱི་ཚེ་སྲོག་གི་རྒྱུན་ཕྱི་མར་གྱུར་བའི་བྱིས་པ་རྣམས་ཀྱི་གནས་བབ་དང་འབྲེལ་བའི་གཏམ་ཚིག་གསུམ་ཞུས་ན། ཁྱིམ་བདག་རྣམས་ཀྱིས་གདེང་འཇོག་ཅི་འདྲ་ཞིག་གནང་རྒྱུ་དང་ལྟ་ཚུལ་གང་འདྲ་ཞིག་འཛིན་རྒྱུ་ཡིན་པ་ཡང་ཐད་གར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།  ཡིན་ནའང་ང་ནི་དགེ་རྒན་གྱི་ལས་ཀར་བརྩི་མཐོང་དང་དགའ་ཞེན་ཆེ་ལ། མི་རིགས་ཀྱི་འཚོ་གནས་ལ་དུངས་ཞེན་ཆེ་བའི་མི་བུ་ཞིག་ཡིན་པའི་ཆ་ནས། ངས་གང་ལའང་མི་འཛེམ་པར་རང་གི་ལག་ལེན་དང་འབྲེལ་བའི་ལྟ་ཚུལ་རེ་གཉིས་ཤིག་ཁྱིམ་བདག་བཟང་ངན་མཁས་བླུན་ཐམས་ཅད་ཀྱི་སྙན་ལམ་དུ་སྒྲོན་འདོད་པ་ནི་གཤམ་གསལ་ལྟར་རོ།།

 

གཅིག  ཁྱིམ་བདག་ནི་བྱིས་པའི་བདག་པོ་ངོ་མ་བོ་མིན།

ང་ཚོའི་ཁྱིམ་བདག་མང་ཆེ་བར་མཚོན་ན་རང་གི་བྱིས་པ་ནི་རང་ཉིད་ལ་དབང་ཞིང་། དེའི་འགྲོ་འདུག་སྤྱོད་གསུམ་ཚང་མར་རང་ཉིད་ཀྱིས་མཐའ་གཅིག་ཏུ་ཁ་ལོ་བསྒྱུར་ཆོག་པར་འདོད་པ་རེད།  ལྟ་ཚུལ་འདི་གནའ་ནས་ད་བར་དུ་བརྒྱུད་ཅིང་དམངས་གཙོ་དང་འདྲ་མཉམ་གྱི་སྲིད་ཇུས་གང་སར་སྤེལ་ཞིང་ཁྱབ་པའི་དུས་སུ་ཡང་བོད་རིགས་ས་ཁུལ་ན་གཏན་ཆགས་སུ་གནས་ཡོད།  དོན་དངོས་སུ་འདི་ནི་ནོར་འཁྲུལ་གྱི་ལྟ་ཚུལ་དང་གོམས་སྲོལ་ཞིག་རེད། ང་ཚོའི་ཕ་མ་སུ་ཡིན་ཡང་རང་རང་གི་བྱིས་པ་གསོ་སྐྱོང་སྟེ་ཕྱི་ལུས་པོ་གསོ་སྐྱོང་དང་ནང་བསམ་བློ་གསོ་སྐྱོང་། བར་ཀུན་སྤྱོད་གསོ་སྐྱོང་བཅས་ཕྱོགས་གང་ཐད་ཀྱི་གསོ་སྐྱོང་འགན་བབ་དང་དབང་ཆ་ཡོད་ནའང་། མཐའ་གཅིག་ཏུ་དེ་ལ་བདག་པོ་རྒྱག་པའི་དབང་ཆ་མེད། བྱིས་པའི་བདག་པོ་ངོ་མ་ནི་བྱིས་པ་ཁོ་རང་ཉིད་ཡིན་པས། བྱིས་པ་ལ་རང་གི་འདོད་བློ་ཡོད་ཆོག་ལ། རང་གི་ལམ་དང་དགའ་ཕྱོགས་ཡོད་ཆོག་སྟེ་ཨ་རི་སོགས་སྔོན་ཐོན་རྒྱལ་ཁབ་རྣམས་སུ་ཕ་མ་དག་གིས་བྱིས་པ་ནི་ཁོ་རང་ཉིད་ཀྱི་བདག་པོ་རུ་རྩི་ཞིང་།  ཕ་མ་ནི་བྱིས་པའི་རམ་འདེགས་པའམ་གྲོགས་པོ་བཟང་བོ་ཞིག་ཏུ་ངོས་འཛིན་ལ། དུས་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་ཁྲོད་བྱིས་པའི་དགའ་མོས་དང་འདོད་ཚུལ། བསམ་འཆར་སོགས་ལ་གདེང་འཇོག་དང་རྒྱབ་སྐྱོར་བྱེད་པས།  རྒྱལ་ཁབ་དེ་རིགས་ཀྱི་བྱིས་པ་ལ་མཚོན་ན་རང་ལ་རང་གི་བསམ་བློ་དང་ལས་སྒྲུབ་ཀྱི་ནུས་པ་ཁྱད་པར་བ་རེ་ཆགས་ཡོད་ཅིང་།  འཚོ་བར་དགའ་སྣང་དང་ངོས་འཛིན་གཏིང་ཟབ་ལ།  མ་འོངས་བར་འཆར་བཀོད་ལྡན་ཞིང་རང་གི་དུས་ཚོད་དམ་འཛིན་བཀོད་སྒྲིག་བྱེད་པའི་གོམས་སྲོལ་ཡང་ཤིན་ཏུ་ལེགས་པོ་ཆགས་ཡོད་པ་རེད།   དེ་དང་བསྡུར་ན་ང་ཚོའི་ཕ་མ་མང་བོ་ཞིག་ལ་ད་དུང་ཡང་བྱིས་པའི་བདག་པོ་བྱིས་པ་ཁོ་རང་ཉིད་ཡིན་པའི་ངོས་ཟིན་མ་བྱུང་བར། བྱིས་པའི་འགྲོ་འདུག་དང་བསམ་ཚུལ་འདོད་ཚུལ་ཐམས་ཅད་ལ་ཁ་ལོ་རང་གིས་བསྒྱུར་ཅིང་རང་གི་ཞེན་འདོད་ཁོ་ནའི་ལམ་དུ་ཁྲིད་པ་དང་།  རང་གི་དཔར་ཕྱི་མ་ལྟ་བུ་ཞིག་ཏུ་འགྱུར་བར་འབད་ཅིང་། དེ་ལས་ལྡོག་ན་མ་རབས་ཐ་ཤལ་ཏུ་རྩི་ཞིང་མིང་ངན་པས་སྡིགས་ཤིང་དམོད་པས། ང་ཚོའི་བྱིས་པ་ལ་རང་གི་ཁོར་ཡུག་མེད་ལ་རང་གི་བསམ་བློ་ཆགས་པའི་ཆ་རྐྱེན་ཡང་མེད། རང་སྟོབས་རང་སྤེལ་དང་རང་ལམ་རང་འཚོལ་གྱི་རྩལ་ནུས་ནི་དེ་བས་ཀྱང་རྨང་ནས་བྲལ་ཏེ། ཡོད་ཚད་ཕ་མར་བརྟེན་ཅིང་ཡོད་ཚད་ཕ་མར་འདྲི་བའི་གཞན་བརྟེན་སྲིན་འབུ་ལྟ་བུ་ཞིག་ཏུ་གྱུར་ཡོད། འདི་ནི་ཁྱིམ་བདག་རྣམ་པའི་ནོར་འཁྲུལ་གྱི་ཟུར་ཞིག་དང་དེའི་མཐའ་འབྲས་ལགས་སོ།།

 

 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/22 18:14:38 | By: khyung ]
 
khyungཁྱེད་ཀྱིས་བསླབ་བྱ་བཟང་པོ་འདི་ལྟར་གནང་བར་ཐུགས་རྗེ་ཆེ། ཁྱུང་དཀར་ནམ་མཁས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/11 19:01:22 | By: qongsang ]
 
qongsangཁྱུང་གསེར་ཞུན་ལགས་ཕེབས་པ་ཐུགས་རྗེ་ཆེ། ཡང་ཡང་ཕེབས་ཏེ་བསམ་འཆར་འདོན་རོགས། ཁྱུང་བཟང་གིས།
 
 
Re:རོང་འབྲོག་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
[ 2012/3/9 10:36:31 | By: སྐུ་མགྲོན་806Fvj(སྐུ་མགྲོན) ]
 
སྐུ་མགྲོན་806Fvj(སྐུ་མགྲོན)དངོས་གནས་ཁྱེད་ཀྱི་གསུང་ལ་ཡི་རངས་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལ། ང་ཚོ་ཚང་མས་དགེ་རྒན་དང་དགེ་རྒན་གྱི་སྤུས་ཚད། དེ་བཞིན་སློབ་གསོ་དང་ཡང་དག་པའི་སློབ་གསོ་ལ་དེ་བས་སྣང་ཆེན་བྱེད་རྒྱུ་ནི་མི་རིགས་ཤིག་གི་འཚོ་གནས་དང་ལས་དབང་ལ་ཐད་ཀར་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན་པས་ཀུན་གྱིས་ཤུགས་རྒྱོབ་ཤུགས་རྒྱོབ་ཅེས་ཇི་སྲིད་བར་དུ་འབོད་དོ། ཁྱུང་གསེར་ཞུན་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.