གད་སྙིགས་ཀྱི་རྒྱལ་ཁམས།
གལ་ཏེ་ཁྱོད་རང་ཕ་ཡུལ་གྱི་སྲང་ལམ་དང་གྲོང་བརྡལ་གྱི་མཐའ་དབུས་ཀུན་ལ་དལ་གྱིས་ཕེབས་ཏེ། ཚད་མཐོ་བའི་མིག་ཟུང་གིས་ཞིབ་ལྟ་ཐེངས་གཅིག་བྱས་ཚེ། ཁྱོད་ཀྱི་མཐོང་ལམ་དུ་མངོན་པ་ནི་གཅིན་སྐྱག་དང་གད་སྙིགས་ཀྱི་ཕུང་བོ་གཏོས་ཆེ་བ་ཞིག་ཡིན་སྲིད་ཅིང་། དེ་དག་གིས་ཁྱོད་ལ་ཞེ་མེར་བའི་སྣང་བ་ཞིག་ཀྱང་སློང་སྲིད། དེ་ལས་ཀྱང་ཁྱོད་ཀྱིས་ཟ་ཁང་གི་སྒོ་བྱང་དང་ཟས་རིགས་སྣ་ཚོགས་ཀྱི་མཚམས་སྦྱོར་སོགས་ལས“མཚོ་ནང་ཟས་རིགས་ཁ་ཆུ་བཞུར་བའི་ཟ་ཁང”ལྟ་བུ་དང“འདིའི་ནང་གཡང་དཀར་ལུག་གི་ནང་ཅོ་ཆ་ཚང་བཙོང་རྒྱུ་ཡོད”ལྟ་བུ། དེ་མིན“ངོ་གདང(ངོ་གདོང་གི་ཡིག་ནོར)དང་མགོ་ཡག་ལས་བྱེད་ས”ལྟ་བུའི་ཚིག་སྦྱོར་དག་མཐོང་ཚེ་ཐོག་མར་དགོད་བྲོ་ཞིང་དེ་ནས་ངུ་བྲོ་བའི་སྣང་བ་ཞིག་ཀྱང་ངང་གིས་སྐྱེ་སྲིད། འདི་དག་ནི་ཐད་ཀར་ཁྱོད་ཀྱི་མཐོང་ལམ་དུ་མངོན་པའི་གད་སྙིགས་ཀྱི་རིགས་ཡིན་ལ། དེ་ནས་ཁྱོད་རང་དམིགས་མེད་དུ་སྲང་བར་ནས་ཕར་འགྲོ་ཚུར་འོང་བྱེད་པའམ་ཅུང་ཟད་སྡོད་པའི་ཚེ་ན། ཁྱོད་ཀྱི་སྙན་ལམ་དུ་དབྱངས་བརྐུས་མ་དང་ཚིག་བཅོས་མ། བསྐྱར་ཟློས་ཡང་ཟློས་ཀྱིས་ཟད་ཐག་ཆོད་པའི་རྡུང་ལེན་ཁྱུ་གཅིག་འཁོར་སྲིད་ལ། དེ་ལས་ཀྱང“རང་ཡིག་རང་གིས་བསྒྱུར་ནokམིན།། རང་རིགས་རང་གིས་བསླུས་ནyesམིན།། རང་མི་རང་གིས་བཅོམ་ནgoodམིན།། འདི་གསུམ་གངས་ཅན་བོད་པའི་སེམས་ལ་ཟུངས་།།”ཞེས་པའི་གླུ་ཚིག་འདི་དང་འདི་འདྲ་མང་དུ་ཐོས་ཤིང་ཐོས་པའི་ཚེ་ན་ཁྱོད་ལ་སྐྱུག་མེར་ལངས་པའམ་ངུ་དགོད་གང་རུང་གི་སྣང་བ་སྐྱེས་ཤིང་། སུན་སྣང་དང་བཅས་རྣ་བ་ལག་པས་གཅོད་འདོད་ཀྱི་བསམ་བློ་ཞིག་ཀྱང་འཁྲུངས་སྲིད། དེ་དག་ཚང་མ་ནི་ཁྱོད་ཀྱི་སྙན་ལམ་དུ་འཁོར་བའི་གད་སྙིགས་རེད།
དེ་རྗེས་ཁྱོད་རང་ཁོ་ཐག་ཆོད་པོའི་ངང་ཤེས་རིག་གི་ལྟེ་གནས་སྟེ་དཔེ་ཁང་ཞིག་འགྲིམ་པའི་དབང་དུ་བཏང་ན། ཐོག་མར་ཁྱོད་ཀྱིས“ཤང་ཀང་ཐེན་མ(香港天马)”ཞེས་པའི་དཔེ་རྟགས་ཤིག་མཐོང་ཞིང་། དེར་མཐུད་ནས་སྒོར་མོ་མང་ཞིང་ནང་སྙིང་དང་ཁ་ཕྱོགས་ཡོངས་སུ་ཤོར་བའི་རྩོམ་པ་པོ་ཁྱུ་གཅིག་གི་ཞལ་ངོ་ཤེས་པར་འགྱུར་ལ། ལོ་རྒྱུས་དང་དུས་རབས། བསམ་བློ། སྒྱུ་རྩལ། སྐད་ཡིག་གི་འགན་གང་ཡང་མི་འཁུར་བར་སྙན་ངག་ནི་ཚིག་རྐྱང་ཙམ་དང་སྒྱུ་རྩལ་གྱི་རིན་ཐང་ཡང་སྒོར་མོ་ཙམ་དུ་འདོད་པའི་གླེན་པ་དག་གི་རང་མཚང་ཡང་མཐོང་ཡོང་། དེ་ནས་ཕལ་ཆེར་ཁྱོད་རང་གང་ལའང་འགྲོ་འདོད་སྐྱེས་མི་སྲིད་དེ། གཅིག་པུར་གད་སྙིགས་རིགས་དེའི་གནོན་ཤུགས་འོག་རང་ལ་དབང་བའི་གནས་མལ་དུ་ལོག་སྲིད། ལོག་ནས་ཀྱང་མྱུལ་ཞིབ་ཁྲོད་ཀྱི་ཡོང་སྒོ་རེ་རེ་ལ་འདི་ལྟར་བསྡོམས་རྩིས་ཤིག་ཀྱང་རྒྱག་སྲིད།
བོད་མི་དག་གིས་རྒྱུན་དུ“རྒྱ་རིགས་ཀྱིས་གོས་གཙང་མ་བྱེད། ཧའེ་རིགས་ཀྱིས་ཟས་གཙང་མ་བྱེད། ང་ཚོ་བོད་གངས་ཅན་པས་སེམས་གཙང་མ་བྱེད།”ཅེས་རང་གིས་ཟས་གོས་ལ་གཙང་བཙོག་མི་འབྱེད་པའི་གོམས་སྲོལ་ངན་པ་འགེབས་ཐབས་དང་། སེམས་ཉིད་ལས་གཞན་ལ་དོ་གལ་དེ་ཙམ་བྱེད་མི་དགོས་པའི་ལྟ་བ་སྒྲོག་པ་རེད། དེ་ནི་སྐབས་སྐབས་སུ་བྱི་ལས་རང་གི་རྟུག་པ་ས་ཡིས་འགེབས་པ་དང་འདྲ་ལ། ཡང་མཚམས་མཚམས་སུ་བོང་བུས་ཀུ་ཅོ་འདོན་པ་དང་ཡང་མཚུངས་ཏེ། ངོ་མ་ང་ཚོའི་སེམས་དེ་འདྲའི་གཙང་མ་ཡང་གཙང་ཞིག་ཡིན་ན་མ་མཐའ་ཡང་ཐུན་མོང་གི་ཁོར་ཡུག་དང་། མི་སྒེར་དང་སྤྱི་ཚོགས་ལ་ཐད་ཀར་ཤན་ཤུགས་བཟོ་བའི་རང་ལུས་ཟས་གོས་དང་བཅས་པར་གཙང་མ་མི་བྱེད་པ་དེ་ཅི་ཡིན་ནམ། ད་དུང་ཕྲག་དོག་དང་ཕྱོགས་རིས་ཀྱི་བསམ་བློ་གཙང་བོ་བཞིན་རྒྱས་པ་དེ་ཅི་ཞིག་ལན་སོང་། འདི་ཐམས་ཅད་ནི་བོད་ཀྱི་སྐྱུག་བྲོ་བའི་བསམ་བློའི་འཁོར་ཤུགས་དང་ཀུན་སྤྱོད་ཀྱི་ཕག་པ་འདམ་ལ་རྒྱུ་བའི་རང་གཟུགས་འབའ་ཞིག་རེད། གལ་ཏེ་ང་ཚོ་དངོས་ནས་གཙང་མ་ལ་དགའ་ཞིང་གཙང་མ་བརྩོན་ལེན་བྱེད་མཁན་ཞིག་ཡིན་ན་ཕྱི་གཙང་ནང་གཙང་དང་ཕྱི་ནང་དོ་མཉམ་ལ་འབད་ན་དུས་རབས་ཀྱི་འགྲོས་དང་མཐུན་པ་མིན་ནམ།
དྲང་མོར་བཤད་ན་ང་ཚོའི་མེས་པོ་སྔ་མ་དག་གིས་རང་གི་བློ་གྲོས་ཀྱི་དཔུང་ཤུགས་ལ་བརྟེན་ནས་རང་ལ་དབང་བའི་ཤེས་རིག་དང་ལོ་རྒྱུས་བསྐྲུན་པའི་རྗེས་སུ། ང་ཚོ་བོད་མི་ཕལ་ཆེ་བ་ནི་རང་རློམ་དང་རང་བསྟོད་ཀྱིས་དུས་འདའ་བར་གོམས་ཡོད་ལ། ང་ཚོས་འཁྲབ་ཤེས་པ་ཡང“ཁྭ་ཏས་སྒྲོ་བསྟོད”ཀྱི་ཟློས་གར་སྐྱུག་བྲོ་བ་དེ་རེད། དུས་རབས་གསར་བའི་ཤེས་རིག་དང་དཔལ་འབྱོར་མ་ལག་གིས་རང་ཉིད་མཐའ་འཁོབ་ཀྱི་གནས་སུ་བསྐྱལ་ཡོད་ནའང་ང་ཚོས་ད་རུང་རང་གི་ཡབ་མེས་ངོམ་ཞིང་ཡབ་མེས་སྒྲོག་པ་རེད།“བ་ཚའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོལ”ཨང་། ཡིན་ནའང་ངན་ཤུགས་དེ་ང་ཚོའི་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་དང་ལས་རིགས་ཆེ་ཆུང་ཐམས་ཅད་ཀྱི་རྩ་བར་སིམ་ཡོད་ཅིང་། ཐ་ན་ཤེས་ཡོན་པ་རྣམས་ཀྱང་ཡབ་མེས་འུར་སྒྲོག་དང་གསུང་རྙིང་བསྐྱར་འགྲེལ་ཡང་འགྲེལ་གྱི་ལམ་དུ་ཞུགས་ཏེ་གསར་གཏོད་དང་གསར་བསྐྲུན་ནི་གླེང་མི་ཕོད་ལ་བསམ་ཡང་མི་རུང་བ་ལྟ་བུའི་ཚད་དུ་འདུག་ལ། དེ་ནི་ 《དག་ཡིག་ངག་སྒྲོན》 དང་ 《བརྡ་དག་ཕྱེ་མ་ལེབ》 ཀྱི་འགྲེལ་བ་ཡང་འགྲེལ་གཅིག་པུས་ཀྱང་མཚོན་ནུས་སོ།།
བཟང་ལ་མི་མཁས་ངན་ལ་མཁས་པའི་ང་ཚོ་མི་རབས་གསར་བ་དག་ལ་མཚོན་ན་ཡང་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་འཚོ་གནས་ལ་ཕན་ནུས་ཐོན་པའི་ཤེས་རིག་མ་ལག་ཅིག་གསར་བསྐྲུན་མི་བྱེད་པར་ཝ་རྗེས་ཁྱི་དང་ཁྱི་རྗེས་རྟ། རྟ་རྗེས་མྱི་ཡིས་དེད་པའི་མོ་སྟོན་ཕག་མགོའི་གཏམ་རྒྱུད་ནང་བཞིན་རྗེས་ཟློས་དང་བསྐྱར་པར་གྱི་འཕྲང་ལམ་ཞིག་ཨུ་ཚུགས་ཆེར་བསྐྱེད་ཀྱིས་འདེད་པ་རེད། དེ་ནི་ང་ཚོའི་དམངས་ཁྲོད་གླུ་གར་ཁྲོད་ཀྱི་རྡུང་ལེན་དང་རྩོམ་རིག་སྒྱུ་རྩལ་ཁྲོད་ཀྱི་སྙན་ངག་གི་སྣང་ཚུལ་ཁོ་ན་ལས་ཀྱང་གསལ་བོར་མཐོང་ཐུབ་སྟེ། དེ་ཡང་རྡུང་ལེན་གྱི་ཆ་ནས་བཤད་ན་ལོ་རབས་བརྒྱད་ཅུ་བའི་ནང་དུ་རྡུང་ལེན་པ་དཔལ་མགོན་གྱིས་སྒྲ་སྙན་བེད་སྤྱོད་ཀྱིས་གླུ་གཞས་དབྱངས་སུ་འགུག་པའི་དར་ཆ་བསྒྲེངས་བ་ནས་བཟུང་རྡུང་ལེན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ཚིག་བཟང་བོ་དབྱངས་སྙན་མོས་མངོན་པར་མཚོན་ཞིང་དབྱངས་སྙན་མོ་ཚིག་བཟང་བོས་མངོན་པར་བརྒྱན་པས། གཞི་ནས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་རྩལ་རྣམ་པ་རྒྱ་ཆེ་བ་ཞིག་ཏུ་གྱུར་ཞིང་ཀུན་གྱིས་དགའ་བསུ་ཡང་རབ་དང་རིམ་པར་ཞུས་མྱོང་བ་རེད། ཡིན་ནའང་ད་ལྟ་ང་ཚོས་རྡུང་ལེན་ཚོང་རར་ཞིབ་ཉན་ཞིག་བྱས་ཚེ། དབྱངས་བརྐུ་བ་དང་ཚིག་བརྐུ་བ། སྒྱུ་རྩལ་གཡོ་འཚོང་དང་མང་ཚོགས་གཡོ་འགུག རིག་གནས་དང་གོམས་སྲོལ་ཁྲལ་ཁྲུལ་དུ་བཟོ་བའི་རྣམ་པ་ཞིག་འབྱུང་གིན་ཡོད་ལ། གསར་གཏོད་དུ་རློམ་པ་དག་ཀྱང་མི་རིགས་གཞན་ཀྱི་དབྱངས་དང་ཚིག་ཐད་ཀར་དུ་འདྲེན་པ་དང་ཉ་ཉུང་མཉམ་བསྲེས་བྱེད་པ་སོགས་ཕལ་ཆེ་བ་ནི་མི་རིགས་ཀྱི་བྲོ་བ་ཤོར་འདུག་པའམ་གསར་སྙེག་གི་རིན་ཐང་མེད་པ། སྒྱུ་རྩལ་གྱི་འགུག་ཤུགས་དང་བདེན་པས་སྟོང་བ། ཡང་ན་ཆོས་ལུགས་པའི་དར་ཆར་གྱུར་བ་སོགས་གང་ལ་ཉན་ནའང་རོ་མེད་ཚོར་མེད་དང་ཐུག་ལྷག་བསྐྱར་བསྲོས་ཀྱི་ངང་ཚུལ་འབའ་ཞིག་ཏུ་ངེས་པས། དེས་ཀྱང་ང་ཚོའི་གད་སྙིགས་རིགས་ཤིག་ལྷང་ལ་ཕུད་པ་མིན་ནམ། མཚམས་མཚམས་སུ་ད་དུང་ཀི་འདེབས་ཤེས་ཚད་རྡུང་ལེན་པའམ་རྡུང་ལེན་པའི་དཔུང་གྲལ་དུ་འཚང་བའི་ཉམས་སྣང་ཡང་སྟེར་བར་བྱེད་དོ།།
དེ་བཞིན་དུ་སྙན་ངག་གི་ཞིང་ས་ཡང་དེ་དང་འདྲ་སྟེ(རང་མོས་སྙན་ངག)ལོ་རབས་བརྒྱད་ཅུ་བའི་དུས་མགོར་སྐུ་ཞབས་རང་གྲོལ་གྱིས་སྙན་ངག་གསར་བའི་སྒོ་མོ་ཕྱེས་པ་ནས་བཟུང་རྩོམ་རིག་གི་མེ་ཏོག་སྐྱོང་མཁན་རབ་དང་རིམ་པར་བྱུང་སྟེ། བོད་ཁུལ་གྱི་དུས་དེབ་སྟེང་བཀོད་ཟིན་པའི་སྙན་ངག་ཁོ་ན་ཕྱོགས་གཅིག་ཏུ་བསྡུ་བའི་དབང་དུ་བཏང་ནའང་བམ་པོ་མང་བོ་ལོང་བའི་ཚོད་ཡིན། ཡིན་ནའང་ང་ཚོ་གསར་བྱུང་རྩོམ་པ་པོ་སྐོར་ཅིག་ལ་མཚོན་ན་རང་གི་སྐད་ཆར་རྒྱུས་ལོན་དང་། མི་རིགས་ཀྱི་འཚོ་བར་རྒྱུས་ལོན། རིག་གནས་མ་ལག་གི་གྲུབ་རིམ་དང་དུས་རབས་འཕེལ་འགྱུར་གྱི་ཆོས་ཉིད་ལ་རྒྱུས་ལོན། དེ་བཞིན་དུ་མི་རིགས་ཀྱི་འདུ་ཤེས་དང་མཛེས་དཔྱོད་སེམས་ཁམས་ལ་རྒྱུས་ལོན་མི་བྱེད་པར་ཐད་ཀར་དཔེ་ཆར་བལྟ་བའམ་དཔེ་ངོས་ཀྱི་གནས་ལུགས་དང་འཚོ་བའི་སྣང་བརྙན་ཙམ་ལ་གཞི་བཅོལ་ཏེ་གང་བྱུང་དུ་སྙན་ངག་འབྲི་བ་དང་། ལྷག་པར་དུ་རྒྱའི་བརྩམས་ཆོས་སམ་ནུབ་ཕྱོགས་ཀྱི་སྙན་ངག་རྒྱ་འགྱུར་མའི་རྩོམ་གཤིས་རྩོམ་ལུགས་ནང་དོན་བཅས་ལ་མཐའ་གཅིག་དུ་ལད་མོ་བྱས་ནས། བོད་ཡིག་གིས་བྲིས་ཀྱང་བོད་སྐད་ཀྱི་སྙན་ངག་མིན་ལ་བོད་ཀྱི་འཚོ་བ་མཚོན་པའི་སྙན་ངག་དེ་བས་ཀྱང་མིན་པའི་ལམ་དུ་སོང་བ་དང་འགྲོ་བཞིན་པ་རེད། ལྷག་པར་དུ་གྲྭ་ས་དང་གྲོང་བ་གང་རུང་དུ་སྙན་ངག་པ་ཡིན་མིན་དེ་དཔེ་ཆ་ཡོད་མེད་ཙམ་དུ་བཟུང་ནས། རྩོམ་ཡིག་ཤོ་ལོ་ཀ་གཅིག་ཙམ་ཡང་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་མ་བཀོད་པར་སྒོར་མོའི་སྟོབས་ཤུགས་བཙོངས་ནས“སྙན་ངག་ཕྱོགས་བསྒྲིགས”དང་“སྙན་ངག་གཅེས་བསྡུས”སོགས་ཀྱི་དཔེ་ཆ་མང་བོ་དཔར་བསྐྲུན་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ། ད་དུང་རང་ཉིད་སྙན་ངག་པ་ཡིན་སྙམ་གྱི་རྫིག་མདོག་སྟོན་ཞིང་ཁ་ཕོ་སྒྲོག་པའང་ཐོས་སོ།།
ཚུལ་དེ་དག་གིས་ཀྱང་ང་ཚོའི་རིག་གནས་ཁོར་ཡུག་དང་བསམ་བློའི་འཁོར་ཕྱོགས་ཀྱི་གད་སྙིགས་རིགས་ཤིག་མངོན་པར་མཚོན་ཞིང་། ང་ཚོའི་རྩོམ་རིག་གི་ཞིང་ལ་རྩྭ་ལྡུམ་མང་པོ་ཞིག་དྲངས་དང་འདྲེན་བཞིན་པའང་གསལ་བོར་མཚོན་ཡོད་པ་མིན་ནམ།
བདེན་ཏེ ཁྱོད་ཀྱིས་འདི་ལྟར་བསམ་བློ་གཏོང་ཞིང་། བསམ་བློ་བཏང་གིན་བཏང་གིན་སྨུག་སྤྲིན་ལྟ་བུའི་ཚོར་བ་རབ་རིབ་ཅིག་གི་ཀློང་དུ་འབྱིང་སྲིད་ལ། ཐོར་རླུང་ལྟ་བུའི་དངན་པ་ཁ་ཤས་ཀྱང་སེམས་ཀྱི་ཟབ་ས་ནས་ཆས་ཏེ། མགྲིན་པའི་སྦུག་ལམ་མམ་ཨོལ་མདུད་ཀྱི་ར་བ་ལས་ཐོལ་གྱིས་འཕྱུར་སྲིད་ཨང་། ད་དུང་གད་སྙིགས་དེ་དག་ཉལ་བའི་རྨི་ལམ་དང་སད་པའི་མིག་ལམ་ནས་ལྡིང་སྐོར་རྒྱག་ཅིང་། རིམ་གྱིས་མི་རིགས་ཀྱི་སྙིང་ཁྲག་ལ་འཇབ་པའི་སྲིན་འབུ་འཇིགས་སུ་རུང་བ་ཞིག་ཡིན་པའི་ཚོར་བའང་མི་འབྱུང་ག་ལ་སྲིད།
ཕྱི་ཡི་གད་སྙིགས་རྒྱལ་ཁམས་རྫོད་པའི་གཞི།།
ནང་གི་གད་སྙིགས་རྩ་བ་རུལ་བའི་རྒྱུ།།
ཕྱི་ནང་གད་སྙིགས་དོང་དུ་མ་སྤྱུགས་ན།།
བདེ་བའི་གོ་སྐབས་གནམ་གྱི་པདྨོ་ཉིད།།
༢༠༠༥ . ༤ . ༢༠ ཉིན་ཕ་ཡུལ་ཁྱུང་བོ་ནས་བྲིས།