ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13539


 
འོད་ཀྱི་ལམ་བུ་བསྙེགས་པའི་མཛེས་སྡུག
[ 2011/5/12 17:38:00 | By: ཁྱུང་བཟང་། ]
 

 

   འོད་ཀྱི་ལམ་བུ་བསྙེགས་པའི་མཛེས་སྡུག

                __ སྣང་ཞིག་རྒྱལ་ཚབ་རིན་པོ་ཆེར་ཕུལ་བ།

 

སྟོན་པ་བྱོན་ནས

ལང་ལོང་འཁྲིགས་པའི་ས་རྡུལ་ལ་ཆག་ཆག་བཏབས་རྗེས།

ཁ་བ་ཉི་མས་བཞུས་ཤིང་ལྗང་མྱུག་རླུང་བུས་དཀྲོགས་སོང་ཟེར།

ཟླ་གཞོན་དབྱིངས་ནས་འཛུམ་ཞིང་སྤྲིན་ནག་མཐོངས་སུ་ཡལ་སོང་ཟེར།

 

དུས་ཚོད་ཀྱི་ཆུ་བོ་ཤུགས་ཀྱིས་འབབ་པའི་རྒྱུན་དག་ལས་ཀྱང་།

སྐྱེས་ཆེན་གྱི་ཕྲེང་བ་ཆལ་ཆིལ་དུ་གཡོས་ཤིང་།

ལུང་རིགས་ཀྱི་ཟེགས་མ་སིལ་སིལ་དུ་འཐོར་བས།

ས་གཞིའི་གདུང་བ་བསལ་ཞིང་།

སྤང་དཀར་གྱི་གོང་བ་བརླན་སོང་བའི་ངོ་མཚར་རེ་རེའང་།

ད་དུང་ཡང་ལོ་རྒྱུས་ཀྱི་གདོང་ན་འཚེར་ཞིང་།

གླེགས་བམ་གྱི་ཁོང་ན་འཛུམ་ཨང་།

 

རེད་ཡ    དེ་ལྟ་བུའི་ཤེས་རབ་ཀྱི་བྱུང་བའི་རི་མོ།

དེ་ལྟ་བུའི་ལོ་ཟླ་ཡི་གོམ་སྒྲ་རིང་མོ།

རེ་རེ་བཞིན    ལོ་ཡི་ཆར་བས་ཀྱག་ཀྱོག་ཏུ་དེད་ཅིང་།

ལས་ཀྱི་རླུང་བུས་སྟེང་འོག་ཏུ་བསྒྱུར་ཏེ།

དུས་རབས་ཉི་ཤུ་བའི་སྒལ་བར་ཆོ་འཕྲུལ་གྱིས་ལྷུང་བའི་དུས་ནི།

ཏག་ཏག   ཁྱེད་སྐུའི་ཐུགས་སྐྱེད་ཀྱི་ས་བོན་མི་ཡུལ་ནས་འབུས་ཏེ།

དབྱངས་གསལ་གྱི་ཐང་ཆེན་པོ་བློ་ཡིས་གཞལ་བའི་ལོ་རབས་དེའོ།

སྙན་བརྒྱུད་ཀྱི་བོན་ཟབ་མོ་ཐུགས་ལ་བསྲེལ་བའི་དུས་རབས་དེའོ།

ཀྱེ་མ།  སེམས་ཅན་གྱི་བསོད་ནམས་དེས་ལན་ནམ།

སྙིགས་མ་ཡི་རང་མཚང་དེ་བརྡོལ་སོང་།

ཅང་མ་འགོར་བར    ས་གཞི་བཀྲེས་ལྟོགས་ཀྱིས་རུད་ཅིང་གྱོང་ལ།

གཙང་བོ་སྐོམ་གདུང་གིས་ངུ་ཞིང་སྔངས་པས།

ཉེས་མེད་ཀྱི་རྣམ་ཤེས་མང་བོ་ལུག་ཁྱུ་ལྟར་བཞུད་སོང་།

ལོ་དེ་ལ་ཀུན་གྱིས་ང་བརྒྱད     ང་བརྒྱད་དུ་འབོད་སྐད།

 

ཉི་མ་བཀྲེས་པའི་མེ་ཡིས་སྲེག་ཅིང་།

ཟླ་བ་གཅེར་བུའི་ལུས་ཀྱིས་འདར་བའི་དུས་དེ་ལ།

ཁྱེད་སྐུའི     ཏིང་ངེ་འཛིན་གྱི་ཕྱག་རྒྱ་མ་ལྷོད་ཅིང་།

བཟོད་པའི་གོ་ཆ་བཙའ་དང་གཡའ་ཡིས་མ་འཁྱེར་བས།

ཁྱེད་ནི་གཤིན་རྗེའི་མཆེ་བར་ནས་ཤོར་བའི་ཤེས་རབ་ཀྱི་མདའ་མོ་དེའོ།

ཁྱེད་ནི་བསྟན་པའི་ལས་དོན་དུ་ལྷག་པའི་གཡང་ཊིའི་ཐམ་ག་དེའོ།

 

ད་རུང་རིག་གསར     རིག་གསར་གྱི་མེ་ལྕེས།

ཕྱི་ཡི་སྐྱ་རྩིག་ཤུལ་ནས་མ་བསྐྱུར་ཞིང་།

ནང་གི་ཆོས་རྩིག་གོང་ནས་མ་བཞག་པར།

ཡོད་ཚད་བཅགས     བརྡུངས    བསྲེགས     འཁྱེར།

ཐ་ན་ཤ་ཡི་ཁ་ལ་ལྕགས་ཀྱི་སྒོ་ཟྭ་རྒྱག་པའི་དུས་རྣམས་སུའང་།

ཁྱེད་ཀྱི་ལྟ་བའི་རི་བོ་ཆུ་ལ་མ་ནུབ་ཅིང་།

སྤྱོད་པའི་སྤོས་དཀར་དྲི་དང་ངད་ཀྱིས་མ་བཏང་བར།

སླར་ཡང       སྤྲིན་ཀློང་ནས་མངོན་པའི་ཉི་མའི་ཚུལ་གྱིས་འཛུམ་པ་དེ།

ཀྱེ    ང་ཚོའི་ལས་སྐལ་འདི་ཇི་འདྲའི་བཟང་ཨང་།

བདག་གི་རྒྱལ་ཚབ་ལགས།

 

དེ་ལྟར   དཀའ་བའི་རི་བོ་རྔུལ་ཆུས་བཏེགས་ཤིང་།

གདུང་བའི་ཁུར་བོ་བརྩོན་པས་དྲུད་དེ།

ཁྱེད་རང་ཡུལ་དུས་ཇུས་གསུམ་གྱི་ལམ་མདོར་འབྱོར་དུས།

མདུན་ཕྱོགས་ཀྱི་ནམ་མཁའ་སྔོ་སངས་ངེ་བ་དེ་ཁྱེད་ཀྱི་གདུལ་ཞིང་རེད།

རྐང་འོག་གི་ས་གཞི་སྐྱ་ཤ་ལེ་བ་དེ་ཁྱེད་ཀྱི་གདན་ས་རེད།

 

རེད་ཡ     དུས་དེ་ཉིད་དུ         ཁྱེད་ཀྱིས་དུས་དེ་ཉིད་དུ།

རྟེན་བཞེངས་ཀྱི་དཔུང་བ་ཤར་ནས་ལྷོ་རུ་བརྐྱངས་ཤིང་།

འཆད་རྩོད་ཀྱི་ང་རོ་བྱང་ནས་ནུབ་ཏུ་བསྒྲགས་ལ།

བོན་ཁྲིམས་ཀྱི་དར་སྐུད་སྲིད་ནས་ཞེང་དུ་འཐེན་པས།

ད་གཟོད       འགྱེལ་བའི་རྒྱལ་མཚན་སླར་ཡང་བསྒྲེངས་ཤིང་།

འགག་ཟིན་པའི    སིལ་སྙན་གྱི་སྒྲ་དབྱངས་སིལ་སིལ་དེ་ཡང་ག་ལེར་འཁྲོལ་སོང་།

ཉམས་དགའ་བའི་སྣང་ཚུལ་ཡོད་ཚད       ཡོད་ཚད་རེ་རེ་བཞིན།

མིག་ཁྲ་ཆུང་གི་ངོ་ན་ཁྲ་ཅོག་གེར།

རྣ་ཐོས་ཆུང་གི་ལམ་ན་སྙན་ལྷང་ངེར།

ཡིད་དྲན་འཛིན་གྱི་དབུས་ན་བརྗིད་ལྷམ་མེར་གནས་པ་འདི་ལགས་ཨང་།

 

ལས་དོན་ཇི་ལྟར་རྒྱ་ཆེ་ཡང་ད་ནི་ཁྱེད་ཀྱིས་སྐུ་ངལ་ཙམ་གསོ་འོས་ཏེ།

མི་ལོ་བརྒྱད་ཅུའི་ལོ་ཟླ་ལ་བསྔས་ཏེ      ད་ནི་སྐུ་ངལ་ཙམ་གསོ་རོགས།

ཁྱེད་རང་མ་སོང་བའི་ལོ་ཟླ་དང་ཁྱེད་ཀྱིས་མ་ཁུར་བའི་བསྟན་པའི་ཁུར་ཆེན་ཞིག་གང་ན་ཡོད་ཨང་།

 

ངོ་མ    ཁྱེད་ནི་ངུར་སྨྲིག་གི་རྒྱ་མཚོའི་ཀློང་ན་འོད་ལམ་ལམ་འཚེར་བའི་མུ་ཏིག་ཅིག་དང་འདྲ་ཞིང་།

ཁྱེད་ནི་མན་ངག་གི་དྲི་ངད་ལྡང་བའི་ཚལ་ན་དྲོད་ལམ་ལམ་འབར་བའི་ཉི་གཞོན་ཞིག་དང་ཡང་མཚུངས་སོ།

 

སྐུ་ཚེ་བརྟན་པར་སྨོན      རྒྱལ་ཚབ་ལགས།

སྐུ་ཚེ་རྒྱལ་མཚན་ཇི་སྲིད་བར་དུ་བརྟན་པར་ཤོག

 

དྲུང་ཆེ་རྒྱ་ཐར་ལགས་ཀྱི་རེ་བ་བཞིན ༢༠༡༠ ལོའི་ཟླ ༡༡ པའི་ཚེས ༡༣ ཉིན་ཁྱུང་བོ་ནས་བྲིས།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.