ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13499


 
སྟེས་དབང་གི་གླེང་མོལ་ཞིག་དང་དེ་ལས་འཕྲོས་པའི་གཏམ་ཉོག 
[ 2011/5/12 17:09:00 | By: ཁྱུང་བཟང་། ]
 

སྟེས་དབང་གི་གླེང་མོལ་ཞིག་དང་དེ་ལས་འཕྲོས་པའི་

གཏམ་ཉོག 

         

            ༼ ༡ ༽

 

 

ཁྱོད་ཀྱི་ཕ་ཡུལ་གང་ཡིན  

སྨད་པ་ཡིན

ཁྱོད་ཀྱི་མིང་ལ་ཅི་ཟེར

ཀུན་བཟང་ཚེ་རིང་ཟེར

གྲུབ་མཐའ

བོན་པོ་ཡིན

ཨེ མིན་པ

ལོས་ཡིན། ངས་ཁྱོད་ལ་གཤོབ་གཏམ་དོན་མེད་ཀ

རེད། ང་ཡིན་ན་གྲུབ་མཐའི་ཕྱོགས་རིས་གླེང་རྒྱུར་གཏན་ནས་དགའ་བོ་མེད།

ཨོ་ལེ ང་ཚོ་བོད་ཀྱིས་གྲུབ་མཐའ་རྩོད་རྒྱུ་མང་མེད་ན་ཉུང་མི་འདུག

  ད་གྲུབ་མཐའ་དང་ས་ཕྱོགས་འཐེན་པའི་དུས་གཏན་ནས་མ་རེད།
   

           “ ... ... ...”

 

 

གོང་གི་གླེང་མོལ་འདི་ནི་རོང་བོ་དགོན་པའི་མཆོད་རྟེན་ཁམས་ཚན་གྱི་ཞོལ་ན་ཡོད་པའི་བོད་མིའི་ཟ་ཁང་ཞིག་གི་ནང་ནས། ངོ་མི་ཤེས་པའི་གྲྭ་གཞོན་ཞིག་གིས་ང་ལ་བཅར་འདྲི་ལྟ་བུའི་གླེང་མོལ་ཙམ་བྱས་པའི་གནས་ཚུལ་རེད། ང་ཚོའི་ཁོར་ཡུག་ཏུ་ཚོད་ཚོད་ལ་འདི་འདྲའི་ཁ་རྒྱུགས་ལྟ་བུའི་གླེང་མོལ་གྱི་གནས་ཚུལ་མང་དུ་བྱུང་བའི་གྲངས་ནི་སུས་ཀྱང་དཔོག་པའི་ཡུལ་དང་བྲལ་ཞིང་། གྲུབ་མཐའི་མིང་ཙམ་གྱིས་ཆགས་སྡང་གི་ངོ་མདངས་གནམ་ངོ་ལྟར་འགྱུར་ཞིང་། གླེན་པའི་ལག་ངར་མདུང་མོ་བཞིན་གྱེན་དུ་བསྒྲེངས་པའི་ཚད་ཀྱང་དེ་བཞིན་དུ་དཔོག་པའི་ཡུལ་དང་བྲལ་བ་ཞིག་ཡིན་རྒྱུ་རེད།

 

གོང་གི་གྲོགས་པོ་དེའི་སྐད་ཆར་སྤྱིར་ན་སྟབས་བསྟུན་ནམ་བཅོས་མའི་རྣམ་པ་ཞིག་མངོན་འདུག་ནའང་། དངོས་གནས་གྲུབ་མཐའི་ཆགས་སྡང་གི་མིག་འབུར་ནང་མིའི་གདོང་ལ་གཏོད་པ་ནི་མི་རིགས་ཤིག་གི་ངོས་ནས་མཐུན་སྒྲིལ་གྱི་དཔུང་བ་སྨད་པའི་གཤེད་གཏེ་    འབའ་ཞིག་ཏུ་གྲུབ་པ་ང་ཚོའི་ལོ་རྒྱུས་དང་འཚོ་བ་དངོས་ཀྱིས་བདེན་དཔང་བྱས་ཚར་བ་འདི་རེད། དེ་བས་ང་ཡང་མི་ཤེས་བཞིན་གྲུབ་མཐའ་གླེང་བའམ་ཆགས་སྡང་གི་ས་བོན་གཏོས་ཆེ་བ་ཞིག་སྙིང་ལ་ཉར་ཏེ་གྲུབ་མཐའི་ལ་རྒྱ་ཡོད་མདོག་སྟོན་རྒྱུར་ཡེ་ནས་མི་དགའ་བ་དེའི་རིགས་ཡིན་མོད། ཡང་ཁ་བརྡ་དེའི་རྗེས་ནས་ང་ཚོའི་ངོས་འཛིན་སྐོར་ཅིག་ལ་དོགས་སློང་ངམ་བསམ་གཞིག་ཅུང་ཟད་གཏོང་འདོད་ཀྱི་འདུན་པ་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་།

 

སྤྱིར་ན་ཆོས་ལུགས་གྲུབ་མཐའ་གང་ཞིག་ལ་མཚོན་ནའང་རང་ཉིད་བྱུང་བར་ཡུལ་དུས་ཀྱི་ཆ་རྐྱེན་ངེས་ཅན་རེ་འཛོམས་ཡོད་ཅིང་། ཀྱག་ཀྱོག་གི་ལམ་བུ་གྲངས་མེད་ཅིག་སྙིང་སྟོབས་ཀྱིས་དེད་པའི་ལོ་རྒྱུས་རེ་ཡང་ངེས་པར་ཡོད་ལ། འཐབ་རྩོད་དང་གེགས་རྐྱེན་སྣ་ཚོགས་ཀྱིས་རང་རང་གི་གྲུབ་མཐའ་ལེགས་བཅོས་དང་གསར་སྤེལ་ཡང་མང་དུ་གནང་ཡོད་པ་  རེད། ང་ཚོས་ཤེས་རིག་འཕེལ་རྒྱས་ཀྱི་ངོས་ནས་དྲང་བཞག་གིས་བལྟས་ན། གྲུབ་མཐའ་མང་བ་ནི་ཤེས་རིག་སྣ་མང་སྣེ་འཛོམས་སུ་ངེས་པའི་མཚོན་རྟགས་ཤིག་ཏུ་གྲུབ་ཅིང་། ཕན་ནུས་ཀྱི་ཆ་ནས་ཀྱང་གྲུབ་མཐའ་རང་རང་ལ་རང་རང་གི་ཁྱད་ཆོས་རེ་ཡོད་པར་ངེས་ལ། གྲུབ་མཐའ་གང་ཞིག་གསར་དུ་བཏོད་པའི་སྐབས་སུ་ཡང་གྲུབ་མཐའི་ཆེད་དུ་གྲུབ་མཐའ་བཟོས་པ་མ་ཡིན་པར།ལྟ་བ་དང་ཉམས་ལེན། སྤྱོད་ལམ་སོགས་རྩལ་དུ་བཏོན་ཞིང་ཞིབ་ཏུ་བརྟག་པ་ལས་རིམ་པར་མི་འདྲ་བའི་གྲུབ་མཐའ་སྣ་ཚོགས་བྱུང་ཚོད་རེད།

 

དེ་ན་གྲུབ་མཐའ་ནི་ལྟ་བ་དང་ཉམས་ལེན་གྱི་རྩལ་གྱིས་བཏོན་པ་ཞིག་ཡིན་ན།  དེ་ནི་ཨུ་ཚུགས་ཀྱིས་འཐེན་དགོས་པའི་ཐག་པ་ཞིག་དང་། ཤེས་རིག་དང་རྣམ་དཔྱོད་ཀྱི་རྩལ་ནུས་གང་ཡང་མེད་པ་དག་གིས་རང་དགར་ཐེག་ནུས་པའི་རྩྭ་ཕུང་དེ་ཡང་མ་རེད།

     ༼

ང་ཚོས་གྲུབ་མཐའ་འམ་རིག་གནས་མ་ལག་གང་ཞིག་ལ་བསམ་གཞིགས་བརྟག་དཔྱད་གཏོང་སྐབས། ཅིས་ཀྱང་མིའི་རིགས་ཀྱི་དུས་རིམ་མི་འདྲ་བའི་སྤྱི་ཚོགས་གནས་བབ་དང་བསམ་བློ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྦྱར་ཏེ་མནོ་བསམ་གཏོང་བ་ནི་རྩ་བའི་དོན་པོར་སྣང་སྟེ། དཔེར་ན་ང་ཚོའི་ལོ་རྒྱུས་དཔེ་དེབ་ཏུ་གསལ་ཞིང་ཤེས་མི་ཤེས་ཚང་མའི་ངག་ན་གནས་ལ། བོན་གྱི་གྲུབ་མཐའ་སྨད་པའི་གཅོང་རོང་དུ་འཕེན་བྱེད་ཉིད་དུ་གྱུར་བའི་སྐད་ཆ་རྙིང་བ་ཞིག་སྟེ། དམར་མཆོད་ཅེས་པ་འདི་གཅིག་པུའི་ཐད་ནས་བསམ་བློ་ཞིག་བཏང་ནའང་། ང་རང་ཕོ་ལོ་སོ་དྲུག་གི་རིང་དུ་རང་གི་ཕ་ཁྱིམ་མམ་བོན་ཁྱིམ་དང་རིང་དུ་གྱེས་མྱོང་མེད་ལ། ཆུང་ནས་ད་བར་དུ་བོན་ལུགས་ཀྱི་བྱེད་སྒོ་རེ་རེར་འགྲོགས་ཤིང་འདྲིས་ནས་ཡོང་ན་ཡང་། ངས་ཆོ་ག་གང་ཞིག་གི་སྐབས་སུའང་མེས་པོ་གོང་མའི་རིང་ནས་སྐྱབས་དང་དཔུང་གཉེན་དུ་བརྩིས་ཏེ་འོངས་པའི་ལྷ་ཆེན་པོ་དག་ལ་སེམས་ཅན་བསད་པའི་དམར་གྱིས་མཆོད་པ་ཞིག་མཐོང་བ་ཕར་ཟད་གོ་ཡང་མ་མྱོང་མོད། ཤེས་ནས་སྨྲ་བར་ཁས་འཆེ་བ་དག་གིས་དེ་ལྟར་གཅིག་མིན་དུ་གསུངས་ཡོད་ན་ས་ཆ་འགའ་རེར་དེ་འདྲ་ཡོད་སྲིད་ཀྱང་སྙམ་མྱོང་། ཡིན་ཡང་ད་ལྟའི་བར་སྣང་ཚུལ་དེ་འདྲར་མཉམ་འཇོག་མང་དུ་བྱས་ཀྱང་ངའི་མཐོས་ཐོས་ཀྱི་ཡུལ་དུ་མ་གྱུར་བས། མ་མཐོང་ཕྱིར་ན་མེད་པ་མིན་ཡང་སྐད་ཆ་དེ་ད་ལྟའི་གཡུང་དྲུང་གི་བོན་འདི་ལ་བཤད་ན་སྒྲོ་འདོགས་ཤིག་ཏུ་ཟད་དོ་ཡང་སྙམ།

ད་ལྟ་དེའི་སྲོལ་ཡོད་མེད་གང་ལྟར་ཡང་ངས་དམར་མཆོད་ཅེས་པ་འདི་བོད་ནང་གི་ཡ་ཐོག་ནས་བརྒྱུད་པའི་བོན་ཞེས་པའི་གྲུབ་མཐའ་ཆུང་ངུ་ཞིག་གི་སྒེར་སྐྱོན་ཙམ་ཏུ་གཏན་ནས་ངོས་འཛིན་བྱེད་མི་འདོད། དེའི་རྒྱུ་མཚན་ནི་ང་ཚོ་མིའི་མེས་པོ་སྤྲ་མི་ཡིན་པའི་རང་གཞན་ཐུན་མོང་གི་ངོས་འཛིན་དེ་གཞིར་བཟུང་། དེ་ཉིད་མིའི་རིགས་ཀྱི་འཕེལ་རྒྱས་ཆོས་ཉིད་དང་ལོ་རྒྱུས་བརྒྱུད་རིམ་ནང་བཞག་སྟེ་བལྟས་ན། ས་གནས་གང་གི་མིས་ཀྱང་རིགས་མི་མཐུན་པའི་སེམས་ཅན་གྱི་ཤ་ཟོས་ཤིང་ཁྲག་འཐུང་ནས་ཡོང་ལ། རང་བྱུང་གི་འཇིགས་པར་ཕྲད་དུས་ཤེད་མ་ཕྱེས་པའི་བསམ་བློས་ཟས་ཀྱི་གཙོ་བོ་ཤ་ཁྲག་གནམ་དང་། ཡང་ན་རང་རང་གི་ངོས་འཛིན་ཁྲོད་ཀྱི་ལྷ་ཚོགས་ལ་མཆོད་དེ་སྡུག་བསྔལ་ལས་འགྲོལ་བའི་བསམ་འདུན་གཉེར་ཞིང་འོངས་ལ། རིམ་པར་པགས་པ་གོས་སུ་གྱོན་ཞིང་རང་དབང་དུ་རྒྱུ་བའི་སྲོག་ཆགས་ལ་ཁ་ལོ་སྣ་ལོ་བཏུལ་ཏེ་རང་གི་འཚོ་ཚིས་གཉེར་ཞིང་། གྲལ་རིམ་དང་རྒྱལ་སྲིད་ཀྱི་དབང་སྒྱུར་ལོ་རྒྱུས་བྱུང་བའི་ཁྲོད་དུ་རྒྱལ་བོ་ལ་དུར་རྫོང་ཁོ་ནར་སེམས་ཅན་མང་དུ་གསོད་པ་དང་། ཐ་ན་དཔོན་གཡོག་བཙུན་མོ་སྟོང་ཕྲག་ཁ་ཤས་རྒྱལ་བོའི་བེམ་པོ་དང་མཉམ་དུ་དུར་འཇུག་གིས་མདད་བཏང་བའང་མིའི་ཡོངས་གྲགས་ལོ་རྒྱུས་རྣམས་སུ་གསལ་བ་དེ་རེད།

དེས་ན་བོད་མི་ནར་སོན་པའི་གོ་རིམ་ཁྲོད་བྱུང་ཞིང་དར་བའི་དམར་མཆོད་ཀྱི་ལས་བསྒྲུབས་མྱོང་བའི་ཡུལ་སྲོལ་མཐའ་དག་བོད་ཀྱིས་མ་བསྒྲུབས་པར་བོན་གྱིས་བསྒྲུབས་སོ་དང་། སྤྱོད་ལམ་དེ་བོད་ཀྱི་མིན་པར་བོན་གྱི་གྲུབ་མཐའ་འདི་བའི་ལྟ་དགོངས་ཡིན་རབ་སྐད་དུ་བཤད་ན། འོ་ན་ང་ཚོ་བོད་མི་ཡིན་ཚད་ཀྱིས་ད་ལྟ་ཁ་ཟས་ཀྱི་ཕྱིར་དུ་རང་གིས་ནམ་ལངས་ས་རུབ་ཀྱིས་ཁ་འཚོ་མིག་འཚོ་བྱས་ཏེ་བཟའ་མིའི་འདང་བརྩེ་ཆགས་པའི་ནོར་ལུག་འཛེམ་མེད་དུ་བཤའ་ཞིང་བཙོངས་པའམ་མངག་ཅིང་ཉོ་བ་ཐམས་ཅད་ཀྱང་བོན་གྱི་སྐྱོན་དང་། ད་ལ་ཐུག་གི་བར་དུ་བརྒྱུད་ཅིང་དར་ནས་ཡོང་བའི་དྲུག་པའི་ཀླུ་རོལ་སྐབས་ར་ལུག་གསོན་པོ་བསང་ལ་འདྲེན་པ། ཆོས་སྟོན་སོགས་ཀྱི་སྐབས་སུ་ཤ་མང་དུ་འཚོད་པ་སོགས་ཀྱང་བོན་གྱི་གྲུབ་མཐའི་ངན་ཤན་ཉག་གཅིག་ཏུ་འདོད་དགོས་པར་མི་འགྱུར་རམ་སྙམ་སྟེ། ང་ཚོའི་དད་ཅིང་དུངས་པའི་སྟོན་པ་ཤཱཀྱའི་ལུགས་ལའང་སྲོག་གཅོད་པ་ལས་ལྕི་བའི་ཉེས་པ་མེད་ཅིང་དེ་ཉིད་གཏན་གྱི་སྤང་བྱར་འཛིན་པས་སོ།།

དེའི་ཕྱིར་ངས་སྲོལ་རྒྱུན་གྱི་སྣང་ཚུལ་མང་བོ་ཞིག་གདོད་མའི་མིའི་འཚར་ལོངས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་བཞག་སྟེ་བསམ་བློ་གཏོང་བ་ལས་མི་ལེགས་པ་ཐམས་ཅད་བོན་པོ་ཡིའོ། བོན་པོ་ཡིས་སོ་ཞེས་ཁ་གཡུག་རྐྱང་བྱེད་མི་འོས་ལ། རང་ལུགས་སམ་གྲུབ་མཐའ་གང་ཞིག་གི་ལྟ་དགོངས་སམ་དུས་རབས་གསར་བའི་ནང་གི་ངོས་འཛིན་གང་ཞིག་ཡང་དག་པའི་ཚད་ཤིང་བྱས་ཏེ། འདས་པའི་བྱུང་བ་མཐའ་དག་འགྲེལ་རུང་བའམ་འགྲེལ་ཐུབ་པ་ཞིག་ཀྱང་ཡིན་པར་མི་འདོད། དེའི་རྒྱུ་མཚན་ཡང་གྲུབ་མཐས་མཚོན་པའི་རིག་གནས་ཐམས་ཅད་མིའི་ལོ་རྒྱུས་ཀྱི་ཐོན་དངོས་འབའ་ཞིག་ཡིན་ལ། སོ་སོར་ལོ་རྒྱུས་རྒྱབ་ལྗོངས་དང་ཡུལ་དུས་ཁོར་ཡུག་མི་འདྲ་བ་རེ་ཡོད་པའི་རྒྱུ་རྐྱེན་གྱིས་དུས་སྐབས་མི་འདྲ་བའི་ཚབ་དུས་སྐབས་མི་འདྲ་གཞན་གང་གིས་ཀྱང་མི་ཡོང་བས་སོ།།

  ༼

གལ་ཏེ་ང་ཚོས་རྒྱུན་པར་རིག་གནས་སྣང་ཚུལ་གང་ཞིག་མིའི་རིགས་འཚར་ལོངས་བྱུང་བའི་བརྒྱུད་རིམ་མམ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡུལ་དུས་ཁོར་ཡུག་ཁྲོད་བཞག་སྟེ་དཔྱད་ཐུབ་ཚེ། ང་ཚོས་ཆོས་སྲིད་རིག་གནས་ཀྱི་མ་ལག་གང་ཞིག་ཡིན་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་དག་ཅིང་ཟབ་ལ། རྣོ་ཞིང་ཡངས་པར་ངེས་པའི་གནས་ལུགས་དེ་ཉིད་རྙེད་ཅིང་། དེ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་གསལ་ཞིང་མཁས་དྲགས་པས་མིན་པར། ཕྱི་མ་དག་ལ་སྔ་མ་སྔ་མའི་གྲུབ་འབྲས་དང་རིག་པའི་རྒྱབ་རྟེན་ནམ་དཔྱད་གཞི་གང་འཚམས་ཡོད་པས་རེད།

རྒྱུ་མཚན་དེའི་དབང་གིས་མི་རབས་ཕྱི་མའམ་ཕྱིས་བྱུང་གྲུབ་མཐའ་ཁག་གིས་མཐའ་གཅིག་ཏུ་སྔ་མ་ཁག་ལ་ཁྱད་གསོད་བརྙས་དམོད་དང་ངན་འདོགས་མཚང་འབྲུ་བྱེད་པ་ནི་གནས་ལུགས་མེད་པ་ཞིག་དང་གླེན་པའི་རང་མཚང་སྟོན་པ་ཙམ་ལས་མེད་པར་ཡང་སྙམ་སྟེ། དོན་ལ་མིག་སྔའི་སྤྱི་ཚོགས་ཀྱི་ཚད་འདི་ནས་ལངས་ཏེ་འདས་ཟིན་པ་ལ་ཚངས་ཐིག་འདེབས་རྒྱུ་ཟེར་མཁན་སུ་ལ་མཚོན་ནའང་། ད་ལྟའི་དུས་འདིར་ཡང་ཁྱོད་རང་ཀུན་གྱི་ཡང་རྩེའམ་ཀུན་གྱི་མཐར་སོན་པའི་དགུང་གི་ཉི་ཟླ་ལྟ་བུ་ཞིག་ཡེ་ནས་མིན་ན། ཁྱོད་རང་སྔ་མ་སྔ་མའི་ཡུལ་དུས་ཁོར་ཡུག་དེའི་ཁྲོད་དུ་བཞག་ཚེའང་དེ་བཞིན་ཉིད་ལས་མ་འདས་ཤིང་། ད་རུང་དེ་ལས་རྟུལ་ཞིང་ཅི་དང་གང་གི་གྲས་སུ་མི་ཐེ་བའི་སྐྱེ་བོ་ཕལ་བའི་ཕལ་བ་ཞིག་མིན་པའི་ངེས་པའང་མེད་དོ།།

དེ་ཡིན་ཡང་ང་ཚོའི་སྔོན་གྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་ཕར་ཟད། འདྲ་མཉམ་དང་རང་དབང་སོགས་སྤེལ་ཅིང་སྙེག་པའི་དེང་གི་དུས་སུའང་། རང་རེའི་བོད་ཆེན་པོའི་ཡུལ་སྡེ་སོ་སོ་ན་སྔར་གྱི་ནད་རོའི་རྒྱུན་མ་བཏང་བར། གྲུབ་མཐས་གྲུབ་མཐར་དམོད་ཅིང་བརྙས་ལ་འཁྲུག་ཅིང་རྩོད་པའི་ཕྱོགས་རིས་ཀྱི་མཆེ་བ་རྣོན་པོ་གདུག་རྩུབ་ཀྱིས་གཡོ་བར་བག་ཚ་བ་ཅི་ཡང་མེད་ལ། དེ་ཉིད་མུ་མཐུད་དུ་གནས་པར་བྱེད་པ་འདི་ཉིད་མིའི་རིགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་མཐུན་རྒྱུ་ཕར་ཞོག  ཁ་འཐོར་ཡ་བྲལ་དུ་གྱུར་བའི་བོད་གཞིས་བྱེས་གཉིས་ཀྱི་ཕྲག་ཏུ་བབས་པའི་མངོན་སུམ་གྱི་ལས་ཀ་ཁག་དང་། ཐུན་མོང་གི་ཕུགས་འདུན་མངོན་དུ་འགྱུར་བའི་གེགས་རྡོ་དང་ལྕེབས་ཐག་འབའ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་ནི། སྔོན་གྱི་ལོ་རྒྱུས་ལ་ཕྱིར་ལྟོས་དང་མིག་སྔའི་མཐུན་སྒྲིལ་གྱི་དཔུང་གཅིག་ཏུ་སྦྲེལ་ཐུབ་ཀྱི་མེད་པའི་སྣང་ཚུལ་མཐའ་དག་གིས་ར་གསལ་བོར་སྤྲད་དང་སྤྲོད་བཞིན་པ་འདིའོ་སྙམ་པ་གང་དྲན་ཐོལ་བྱུང་དུ་སྦྱར་ཞིང་། སྐྱོན་དང་ནོར་བ་ཡོད་ན་གཞིས་བྱེས་སྤུན་ཟླ་ཡོངས་ཀྱི་སྤྱན་སྔར་འཆག་གོ།

ཡང་ད་རུང་གསལ་བཤད་ཅིག་གནང་དགོས་པ་ནི། ངས་འདི་ལྟར་བཤད་ཚེ་ཁ་ཅིག་གིས་སྔོན་གྱི་བསྟན་བཅོས་དང་གྲུབ་མཐའ་། ལུགས་སྲོལ་གང་ཞིག་ལ་དོགས་སློང་ཡང་བྱེད་མི་ཉན་ནམ་ཟེར་ན་དེ་ནི་གཏན་ནས་མ་ཡིན་ཏེ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ནི་དོགས་སློང་ཡིན་ལ། དོགས་སློང་ལ་བརྟེན་ནས་མིའི་རིགས་ཀྱི་རིག་པའི་སྒོ་མོ་གསར་དུ་ཕྱེས་པས། དོགས་སློང་ནི་ཞིབ་འཇུག་གི་ཀུན་སློང་དང་། བསམ་གཞིགས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཏུ་བསྒྲགས་པ་རེད། ཡིན་ནའང་ང་ཚོས་ཤེས་དགོས་པ་ནི་དོགས་སློང་བྱེད་ན་སྙིང་སྟོབས་དང་རྣམ་དཔྱོད་དགོས་ཤིང་ཀུན་སློང་གཙང་མ་ཞིག་ཀྱང་ཡོད་དགོས་ལ། ཐོག་མར་གང་ཞིག་དོགས་པ་ཟ་ཡུལ་གྱི་རྒྱུ་མཚན་ཁ་གསལ་ངེས་ཐོག་དེ་ལས་ཟས་པའི་དོགས་པ་ལ་དྲིས་ལན་འཚོལ་བའི་ཞིབ་ཚགས་གཟབ་ནན་གྱི་རྣམ་འགྱུར་གྱིས། རིག་པའམ་གནས་ལུགས་ཀྱི་སྒོ་མོ་ཞིག་གསར་དུ་འབྱེད་རྒྱུ་དེ་ལས། རང་གི་ཞེན་འདོད་ཙམ་གཞིར་བཟུང་སྟེ་དོགས་པ་ཟ་ཡུལ་ལ་ཁྱད་གསོད་དམའ་འབེབས་བྱེད་པ་དང་རང་ཉིད་ཚད་ཤིང་བྱས་ཏེ་གང་དེར་མཐའ་སྡོམ་བཟོ་རྒྱུ་དེ་གཏན་ནས་མ་རེད་འདོད་པ་ཡིན།

ངོ་མ་བཤད་ན་ང་རང་ངོས་ནས་དེང་གི་ཆར་ང་ཚོ་རང་གི་འདས་ཟིན་པའི་ཤུལ་དངོས་ཡོད་ཚད་ལ་དོགས་པ་ཟ་བའི་མགོ་ཚུགས་པ་ནི་དགའ་འོས་པར་འདོད་མོད། འོན་ཀྱང་རང་གི་ཡོད་ཚད་ལ་ཤེས་རྟོགས་གསལ་ཁ་མ་བཏོད་པར་དཔེ་ངོས་ཤིག་གམ། མི་རིགས་གཞན་གྱི་རིག་གཞུང་བསམ་བློ་གང་ཞིག་ཐིག་ཤིང་དུ་བསྣམས་ཏེ་གང་དང་ཅི་ལའང་ཐིག་དེ་ཚོམ་མེད་དུ་འདེབས་ཤིང་། ངན་ཁག་ཡོད་ཚད་འདས་ཟིན་པའམ་འདས་ཟིན་པའི་ལོ་རྒྱུས་མི་སྣ་དང་རིག་གཞུང་བྱེ་བྲག་པ་ཞིག་ལ་ཅི་འདོད་དུ་དཀྲི་བ་ནི་འོས་པར་མ་མཐོང་སྟེ། འདས་ཟིན་པའི་འཁོར་བ་འདས་ཟིན་པའི་མིས་རང་རང་གི་བསམ་བློ་དང་རྩོལ་བས་བསྐྱངས་ཏེ་འོང་ཞིང་། ད་ལྟ་ནི་ང་ཚོ་རང་གིས་རང་ཉིད་སྐྱོང་བའི་དུས་ལ་ཐོན་ཡོད་པས་འདི་ནི་ང་ ཚོའི་འགན་ཁུར་ཡིན་པ་ལས་ཁོ་ཚོའི་དུས་སྐབས་དང་ལས་སྐལ་མ་རེད།

དེ་བས་ང་ཚོས་འདས་ཟིན་པའི་སྤྱི་ཚོགས་ཀྱི་ཐོན་དངོས་དག་ད་ལྟའི་ང་ཚོ་རང་གི་སྤྱི་ཚོགས་དགོས་མཁོ་དང་འཚམ་མིན་ལ་བལྟས་ཏེ། འདོར་ལེན་ཅི་རིགས་ཀྱིས་ལམ་གསར་ཞིག་འཛུགས་པ་ལ་ལག་རྡང་གཅིག་ཏུ་སྦྲེལ་བ་ལས། འདས་ཟིན་པའི་ཤི་བོའི་སྟེང་ལ་ཅི་ཞིག་ཡིན་མདོག་གིས་དཔའ་སྐད་འཐེན་དོན་མེད་ལ། ལེ་བདའ་དང་ངན་དམོད་བྱེད་དོན་ཡང་ཡེ་ནས་མེད། ང་ཚོའི་མི་མང་བོ་ཞིག་གིས་དེ་ལྟར་བྱེད་ཅིང་ངར་བ་ནི་དོན་ལ་རང་ཅག་མ་འཁྱོངས་པའི་ནད་རྟགས་ཤིག་སྟེ། ང་ཚོར་དཔའ་སྐད་འཐེན་ས་དང་ལེ་བདའ་བྱེད་ས།གནས་ལུགས་བགྲང་ས་ནི་ཕྱི་རོལ་དུ་མང་མེད་ན་ཉུང་མི་འདུག་པས། བསམ་གཞིག་དང་ལག་ལེན་ཡོད་ཚད་ཀྱི་མདའ་ཁ་དངོས་ཡོད་འཚོ་བ་དང་ཕྱིའི་དགྲ་ལ་བསྐོར་ན་འོས་སོ་སྙམ་པ་དེ་འདྲ་ཞིག་གོ།། 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.