༡
འཁོར་ལོའི་སྒང་ལ་བུད་དུས།། རླུང་བུས་ཕྱིར་ལ་འཐེན་གིས།།
ཕྱི་མིག་གཉོམ་པོའི་བར་ན།། ཁྱོད་ཀྱི་མེ་ཏོག་བཞད་འདུག།
སྔུན་ལ་ལས་ཀྱིས་དེད་ཀྱང་།། ཕྱི་ལ་རླུང་གིས་འཐེན་པས།།
སྔ་ཕྱི་གཉིས་ཀྱི་བར་ནས།། སེམས་ལ་མདུད་ལོག་རྒྱག་གིས།།
མི་འགྲོ་གོང་གི་བཀའ་རེད།། སོང་ན་སེམས་ཀྱི་ཁུར་རེད།།
འགྲོ་འདུག་གོམ་ཆུང་ཁ་ལོ།། མུན་ནག་ནང་གི་མདའ་རེད།།
སྐྱ་མོ་ལམ་ལ་བསམ་ན།། སེམས་པ་ཁོག་འདར་རྒྱག་གིས།།
གཟར་མོ་བྲག་ལ་བསམ་ན།། ལུས་པོ་ཤ་འདར་ལང་གིས།།
ཁྲ་མོ་གླག་ཅིག་ཡིན་ན།། གཤོག་འགྱུར་གཅིག་གིས་ཆོག་ཀྱང་།།
མི་ཕོ་ང་ཡི་རྐང་བས།། ཁྱོད་མདུན་སྙོག་ས་མ་རེད།།
ཁངས་ཆར་འདྲེས་མ་བབས་ཚུལ།། བརྙན་འཕྲིན་ནང་ནས་ཐོས་བྱུང་།།
གྲང་བའི་སོ་སྒྲ་འཆའ་ལུགས།། རྨི་ལམ་ནང་ལ་འཁོར་བྱུང་།།
འཕྲིན་སྐུར་སྤྲིན་ལ་མི་དགོས།། སྐད་སྐུར་བྱ་ལ་མི་དགོས།།
ཁ་པར་གཏོང་ཐེངས་གཅིག་གིས།། མགུར་དབྱངས་སེམས་ལ་བཀུག་ཆོག།
༢
རླུང་རྟ་རྒུད་པའི་ལོ་ལ།། ཀུ་རེའི་གཏམ་དེ་ལན་པས།།
ཕར་སྐུར་འཕྲིན་གྱི་ནོར་བུ།། མཚོ་ལ་རྡོ་བཞིན་ལྷུང་སོང་།།
ཞེ་སྤོ་ལངས་ཐལ་ཟེར་རྒྱུ།། སྣང་བ་དེ་ལ་འཁྲིལ་འདུག།
འབོད་པ་མི་གཏོང་ཟེར་རྒྱུ།། ལག་ཆུང་བྲེལ་བ་ལངས་བཞག།
སྙན་མོ་དབྱངས་ལ་བཀུག་ནས།། བདེ་མོའི་འཕྲིན་ཞིག་བཏང་བས།།
ཨ་ལན་ཉི་མ་འདྲ་ཞིག། བརྡ་འཕྲིན་དབྱིངས་ནས་ཤར་བྱུང་།།
དགའ་བའི་མེ་ཏོག་འཛུམ་ཡག། དྲན་པའི་གདོང་ནས་བཞད་པས།།
གསུང་དབྱངས་ངག་གི་མདུད་པ།། མ་བཤིག་ངང་གིས་གྲོལ་ཐལ།།
དགའ་བཞག་ཕར་ལ་སྤྲིངས་པས།། དྲན་བཞག་ཚུར་ལ་གསུང་བྱུང་།།
སྣང་བའི་རྒྱུ་སྤུན་བར་ནས།། གོས་ཆེན་རི་མོ་དྲུབས་སོང་།།
འཚོ་བའི་སྙིང་བོ་སེམས་རེད།། སེམས་ལ་དྲོད་ཐིག་མེད་ན།།
ལོངས་སྤྱོད་མཚོ་མོ་འདྲ་ཡང་།། སྐོམ་པ་སོད་ས་མ་རེད།།
མི་སེམས་བར་སྣང་སྤྲིན་རེད།། སྤྲིན་པའི་རླབས་རིས་མཛེས་ཀྱང་།།
མཐུན་པའི་ཉི་འོད་མེད་ན།། འཇའ་གོར་འཁྱིལ་ས་མ་རེད།།
ཁྱོད་ཀྱི་སེམས་པ་ཡོད་པས།། ང་ལ་མེ་ཕུང་ཡོད་འགྲོ།།
དགུན་འཁྱག་ཁ་བའི་གདུང་བ།། གང་ནས་ཐོན་ན་ཐོན་ཤོག།
མི་ཚེ་དབྱར་གྱི་གཞུང་ལ།། སེམས་ཀྱི་རྐང་བས་བགྲོད་ཆོག།
མཛེས་སྡུག་རེ་བའི་མེ་ཏོག། སྙིང་གི་མཐིལ་ནས་སྙོར་ཆོག།
རླུང་ལ་སྐྲག་དགོས་ཅི་ཡོད།། ཆར་ལ་དངངས་དགོས་ཅི་ཡོད།།
ལོ་ཟླའི་པང་གདན་ངོས་ལ།། སེམས་ཀྱི་གཞིས་ཀ་བསྐྲུན་ཆོག།
༣
མི་ཚེ་མི་ཚེ་ཟེར་བ།། གཟར་མོ་ལ་དང་མཚུངས་པ།།
གོམ་པའི་སྲོག་རྩ་བརྟན་ན།། རྩེ་མོ་རྐང་བས་མནན་ཆོག།
སྐྱིད་སྡུག་སྐྱིད་སྡུག་ཟེར་བ།། ཉི་མའི་འཆར་ནུབ་འདྲ་བ།།
དྲོ་བའི་སེམས་གསོ་ཡོད་ན།། མུན་པའི་གཙང་བོ་བརྒལ་ཆོག།
དཀའ་བའི་ཆུ་ལ་འཕྲད་ན།། མཛའ་བའི་ལག་རྡང་ཡོད་རེ།།
སྡུག་གི་འོབས་སུ་ལྷུང་ན།། ཁྲེལ་གཞུང་ཐག་པ་ཡོད་རེ།།
བརྩེ་བའི་སེམས་ངོ་འཕྲོད་ན།། དགའ་བའི་རོལ་དབྱངས་ལོས་འཁོར།།
བྱམས་པའི་འཛུམ་དཀར་ངོམ་ན།། མཐུན་པའི་སྣང་བ་ལོས་འཁྲུངས།།
སེམས་འདི་རྡོ་ཡང་མ་རེད།། སེམས་འདི་ཆུ་ཡང་མ་རེད།།
རང་ཚུགས་རི་བོའི་ངོས་ལ།། བདེན་པའི་གསོམ་དཀར་བཙུགས་ཆོག།
འགལ་བའི་སྤྲིན་ནག་འཐིབས་ན།། འཕེལ་བའི་ལྟོས་སུ་སྒོམ་ཆོག།
སྡང་བའི་མེ་ཕུང་འཕྱུར་ན།། ཞི་བའི་ཆར་བ་ཕབ་ཆོག།
འཚོ་བའི་ལམ་དང་མཐའ་ལ།། ཟད་པའི་མུ་དེ་མེད་ཀྱང་།།
རྐང་རྗེས་གང་དུ་ཡོད་ན།། སྙིང་བོ་དེ་རུ་མཆིས་ཨང་།།
༤
ཕ་ས་གོར་མོའི་དྲིན་ལ།། ལང་ཚོའི་དྲེགས་པ་བརྙེས་ཡོད།།
ཕ་མ་བཟང་བོའི་དྲིན་ལ།། རིག་པའི་ནོར་བུ་ལོན་ཡོད།།
ཁྱོད་དང་དཔུང་བ་སྡེབ་ནས།། མྱི་སྐད་གསེང་མཐོར་སྒྲོག་པ།།
ཕ་ས་གོར་མོའི་ངོ་ལ།། དྲིན་གཟོ་ཡིན་ཡང་ཆོག་པ།།
ཁྱོད་དང་སེམས་པ་སྦྱར་ནས།། མྱི་དོན་ལག་པས་སྒྲུབ་པ།།
ཕ་མ་བཟང་བོའི་ངོ་ལ།། རྒྱལ་ཁ་ཡིན་ཡང་འགྲིག་ཨང་།།
སྟོད་ཕྱོགས་སྟོད་ལ་གཟིགས་ན།། མེས་རབས་ལྷ་ལ་ཟུག་ཡོད།།
མེས་པོའི་ཤ་དང་རུས་པ།། དཀར་པོ་དུང་དང་འདྲ་བ།།
སྟོབས་ཀྱི་དཔུང་བ་བསྐྱེད་ལུགས།། རྡོ་རིང་ངོས་སུ་བབས་ཡོད།།
རིག་པའི་འདབ་ལག་བརྐྱངས་ཚུལ།། གླེགས་བམ་གཞུང་ན་གསལ་ཨང་།།
ལོ་ཟླའི་གཙང་བོ་བཞུར་བས།། ས་གཞིའི་ཁ་དོག་འགྱུར་སོང་།།
མཛེས་པའི་ལང་ཚོ་ཤོར་རབས།། འཚོ་བས་གསལ་ཁ་ཕྱེས་འདུག།
དབྱར་གྱི་སྤང་དཀར་ཀླད་ན།། རྟ་བརྒྱ་བང་ཁ་འགྲན་དུས།།
གཡག་རྒན་རྔ་ལོ་གཟེང་ངེར།། རྗེས་སུ་ལུས་འདིས་སྐྱོ་བ།།
རྒུད་པའི་རྩ་བ་སྔོག་ན།། སློབ་གསོའི་རྐང་ལ་ཐུག་འདུག།
རྨོངས་པའི་ས་རྡུལ་ཕྱགས་པ།། ལས་ཀྱི་དང་པོ་ཡིན་འདུག།
ཤེས་རིག་སྒྲོན་མེ་བཏེགས་ནས།། སྤོབས་པའི་མགོ་བོ་དགྱེས་ན།།
ཁྱོད་དང་ང་ཡི་མི་རིགས།། བདེ་བའི་ལམ་ལ་ཐོན་ཡོང་།།
དེའི་ཕྱིར་ཁྱོད་ཀྱི་བརྩེ་བར།། སེམས་ཀྱི་ལག་རྡང་སྦྲེལ་ནས།།
སློབ་གསོའི་ལས་ཀར་བརྩོན་པ།། མི་ཚེའི་རྒྱན་དུ་བསམ་ཡོད།།
༥
ཤེས་རིག་སྒྲོན་མེ་སྦར་བའི།། ལས་འདི་གཟི་བྱིན་ཆེ་བ།།
སྣང་ཆུང་མིག་གིས་ལྟ་བའི།། དུས་འདི་སྙིང་ལ་གཟན་པ།།
གཙུག་ལ་མཆོད་ཀྱང་ཆོག་གིས།། འགབ་ལ་གཡུགས་ཀྱང་རུང་གིས།།
རང་སེམས་མེ་ལོང་དག་ན།། མཛེས་པའི་གཟུགས་བརྙན་ལོས་འཁོར།།
སྟེགས་བུའི་སྒང་ལ་འབུད་དུས།། མིག་ཟུང་ཡོ་བ་མེད་དགོས།།
སེམས་པ་ལག་ལ་འཇོག་དུས།། ལྕེ་ལ་འཇམ་རྩུབ་མེད་དགོས།།
རང་སེམས་གཏེར་གྱི་སྒོ་མོ།། ལྷག་བསམ་གཞུང་ནས་འབྱེད་དགོས།།
ཤ་ཚའི་ལག་བརྡ་ཡང་མོས།། འོད་ཀྱི་ལམ་སྣ་སྟོན་དགོས།།
ཕར་ལ་སེམས་ངོ་བསྟན་ན།། ཚུར་ལ་སྙིང་ཆུང་གཏོད་པས།།
བརྩི་འཇོག་ངག་གི་མཆོད་པས།། དང་བའི་བློ་ཁ་འདྲེན་འོས།།
གཅེས་པའི་གདོང་ན་གཡོ་བའི།། ཁྲ་ཆུང་མིག་འདི་མཛེས་པ།།
ཤེས་འདོད་རིག་རིག་འཚེར་བས།། ཡ་ཆུང་སེམས་འདི་དྲོ་ཨང་།།
ཁྱོད་ཀྱི་འཛུམ་དཀར་མེ་ཏོག། ཁོ་ཚོའི་ཕྱག་ལ་གཏོད་དང་།།
ང་རེའི་དགོད་སྒྲ་དྭངས་མོ།། ཁོ་ཚོའི་སྙན་ལ་སྒྲོན་ཡོང་།།
འཛུམ་དཀར་མེ་ཏོག་གཞུང་ནས།། རིག་པའི་ནོར་ལུག་འཚོས་ན།།
བློ་སྐྱེད་མར་དང་ཕྱུར་བ།། ཞར་དང་ཞོར་ལ་འོང་གིས།།
དགོད་སྒྲ་དྭངས་མོའི་ཀློང་ནས།། འགྲོ་བའི་གོམ་ཆུང་སྤོས་ན།།
སྡུག་དང་ངལ་བའི་ས་རྡུལ།། སེམས་ཀྱི་ཁོང་ནས་དག་འགྲོ།།
དྲོད་དང་བརྩེ་བས་ཟིན་པའི།། ཁྲིད་སྟེགས་གྲུ་བཞིའི་སྒང་ནས།།
ཕུགས་ཀྱི་དར་དཀར་གཡོབ་པ།། རྒྱལ་ཁའི་སྔོན་བརྡ་མིན་ནམ།།
ཁྱོད་ཀྱི་བརྩེ་བར་འཁེན་ནས།། ང་རང་འདི་ལྟར་ཆས་འགྲོ།།
ང་ཡི་དུངས་པར་བསྙེས་ནས།། ཁྱོད་ཀྱང་འདི་བཞིན་ཐོན་ཤོག།
འུ་གཉིས་སྣང་བ་དཀར་པོ།། མི་ཚེའི་མཁའ་ལ་གཡོས་ཤོག།
རྣམ་དག་ལས་ཀྱི་རྒྱབ་རོགས།། ལྷ་དང་བླ་མས་གནང་ཤོག།
ཁྱོད་རང་ཁ་བྲོ་བཀྲ་ཤིས།། ང་ཡང་ཁ་བྲོ་བཀྲ་ཤིས།།
བཀྲ་ཤིས་དགེ་མཚན་ཀློང་ནས།། ལས་དོན་མཐའ་རྒྱ་ཆོད་ཤོག།
༢༠༡༡ ༡༡ ༡༤ ཉིན་གྲུབ།