རྨི་ལམ . མངོན་སུམ། ༼ གླུ་ཚིག ༽
རྨི་ལམ་ནང་དུ། རི་བོའི་རྩེ་ལ་ཁ་བའི་ཞྭ་མོ་གསོལ། ལུང་བའི་གཞུང་ལ་ཉི་འོད་མར་ཁུ་འཁྱིལ། སྤང་དཀར་མེ་ཏོག་མགོ་བོ་ལྡེམ་ནས། མཛེས་པའི་ལྗོངས་ལ་གཡང་དཀར་འབའ་བའི་སྒྲ་དབྱངས་གསར་དུ་བསྣན། ང་ཡི་ཕྱྭ་གཡང་། ང་ཡི་འཛུམ་དཀར། ང་ཡི་གླུ་ངག འདི་ཡི་སྙིང་ནས་གྲོལ།
རྨི་ལམ་ནང་དུ། རྟ་ཕོས་རྨིག་སྒྲས་ས་གཞིའི་ཐོང་ག་གཤགས། རྔམ་པའི་གད་རྒྱངས་ཕ་རིའི་བྲག་ལ་ཟུག སྟོབས་ཀྱི་དཔུང་བ་མཐོ་རུ་བཀྱགས་ཏེ། གངས་རིའི་འདབས་ནས་རང་ལ་དབང་བའི་ཁྱིམ་གཞིས་གསར་དུ་བསྐྲུན། ང་ཡི་ཤེས་རིག ང་ཡི་གོམ་སྒྲ། ང་ཡི་ཕུགས་བསམ། འདི་ནས་ཕྱོགས་བཞིར་མཆེད།
མིག་ཟུང་ཕྱེས་དུས། ཆོས་འཁོར་གླིང་དུ་སྤྲང་བོའི་ན་བུན་ལང་ལོང་རྒྱུ། འགྱིག་གི་བུད་མེད་ལང་ཚོས་དྲེགས་ཤིང་མི་སེམས་བསླུ་བར་བྱེད། ཤར་ལྷོ་ནུབ་བྱང་གང་ལ་སོང་ཡང་ཁྱི་ལུད་ཕུང་བོ་མཐོ་རུ་སྤུངས། ང་ཡི་དྲེགས་པ་ང་ཡི་གཟི་དཔལ་ཉམས་སོང་། ཕྲག་པ་ལྷོད་སོང་། གཞིས་ཀ་འཇིག་སོང་། ལད་སོང་། ཉོག་སོང་། རུལ་སོང་། ཚར་སོང་།
མིག་ཟུང་ཕྱེས་དུས། ལྗོན་པའི་ལོ་མ་རླུང་གིས་བདས་སོང་། མཛེས་སྡུག་གི་རྨི་ལམ་ཡོད་ཚད་འདི་ལྟར་གཏོར་ཟིན། བཅག་ཟིན། ང་རང་ཚོའི་འཚོ་བ་བརླགས་སོང་། བརླགས་སོང་།