སྙིང་ཉེ་བའི་ཆུ་རྐ་རིང་མོ།
༡
ལ་ལས་ཁྱེད་ནི་ཉི་མ་དང་འདྲའོ་ཟེར།
དོན་དངོས་སུ། ཁྱེད་ལ་གཞན་ཡིད་གསལ་བར་བྱེད་པའི་ནུས་ཤུགས་ཡོད་ནའང་། བྱ་དངོས་གྲངས་མེད་པའི་ཚོགས་དྲོད་ཀྱིས་བསྐྱེད་པའམ་གླིང་ཆེན་པོའི་ཁྱོན་ཀུན་ཧྲིལ་གྱིས་སྣང་བར་བྱེད་པའི་རང་བྱུང་གི་མཐུ་སྟོབས་དེ་དག་དང་བྲལ་བས་ཉི་མ་དང་བསྡུར་ན་ཁྱེད་ཉིད་ཅུང་ཟད་ཆུང་འདུག་གོ།
ཡང་ལ་ལས་ཁྱེད་ནི་སྒྲོན་མེ་དང་མཚུངས་སོ་ཟེར།
ཡིན་ནའང་ཁྱེད་དང་བསྡུར་ན་དཔེ་དེ་ཉིད་ཅུང་ཟད་དམན་པར་སྣང་སྟེ། ཁྱེད་ལ་ནང་སེམས་ཀྱི་མུན་པ་གསལ་བར་བྱེད་པའི་ནུས་ཤུགས་འཛོམས་པ་ལས་གཞན། ཁྱེད་ཀྱིས་ལམ་གང་ཉིད་དུ་བགྲོད་ཅིང་འཇུག་པར་བྱེད་པའི་སྟོབས་ཤུགས་དང་ཡིད་ཆེས་ཀྱང་སྩོལ་ནུས་པས་སོ།།
ད་དུང་འགའ་རེས་ཁྱེད་ཉིད་གངས་རི་དང་འདྲ་བར་བརྗོད་ཅིང་ཁ་ཅིག་གིས་ཁྱེད་ཉིད་གསོམ་སྡོང་དང་འདྲ་བར་སྨྲ་ན་ཡང་། ངས་དེ་དག་དང་ཡེ་ནས་མི་འདྲ་བར་ཁྱེད་ནི་མི་སེམས་ཀྱི་ཞིང་ལ་འཐེན་པའི་ཆུ་རྐ་རིང་མོ་ཞིག་དང་དབྱེར་མེད་པར་འདོད།
༢
ཁྱེད་ལའང་རང་ཉིད་ཅི་ལྟར་གྲུབ་པའི་ལོ་རྒྱུས་ཤིག་ཡོད་ངེས་ལ། རང་ཉིད་ཇི་ལྟར་གནས་པའི་བློ་བཀོད་ཅིག་ཀྱང་ཡོད་སྲིད་དེ། ཁྱེད་ཉིད་ཕ་དང་མེས་པོའི་ཤེས་རབ་དང་ལག་རྩལ་ལ་བརྟེན་ནས་ཕྲེང་བར་སྦྲེལ་བའི་རི་ཚོགས་ཀྱི་སྐེད་པ་བཅད་ཅིང་། གཅལ་དུ་བཀྲམས་པའི་ཐང་ཆེན་གྱི་ཐོང་ག་གཤགས་ལ། གཏིང་དུ་ཟུག་པའི་ལུང་ཆེན་གྱི་ཕ་རོལ་བརྒལ་ཏེ་བསྐྲུན་པས། ཁྱེད་ཉིད་སྣང་བའི་དཔལ་གྱིས་འབར་བའི་ཉི་མའི་གོ་ལ་དང་མི་འདྲ་ལ་གཞན་གྱི་ལག་ན་གཡོ་བའི་དཀར་འོད་ལམ་ལམ་གྱི་སྒྲོན་མེ་དང་ཡང་གཏན་ནས་མི་འདྲ་སྟེ། ཁྱེད་ཀྱི་ཀྱག་ཀྱོག་གི་ཁུགས་པ་རེ་རེར་ངལ་རྩོལ་གྱི་རྔུལ་ཆུ་གྲངས་མེད་ཅིག་འཐིམས་ཡོད་ལ་ཁྱེད་ཀྱི་མཐའ་མེད་དུ་བརྐྱངས་པའི་བཟོ་བཀོད་ལའང་འབྱུང་འགྱུར་གྱི་རེ་བ་གཏོས་ཆེན་པོ་ཞིག་སིམ་ཡོད།
དེའི་ཕྱིར་གནའ་ནས་ད་བར་དུ་ཁྱེད་ཀྱི་འགྲམ་པས་བྱམས་བརྩེས་སྐྱོར་ཞིང་། ཁྱེད་ཀྱི་སྙིང་གར་དྲོད་ཀྱིས་ཉར་བ་ནི་དྭངས་པ་དང་། མངར་བ། དྲི་མ་མེད་པའི་ཆབ་དཀར་གྱི་རྒྱུན་དེ་ལགས་ཤིང་།ཁྱེད་ཀྱི་ལྷག་བསམ་གྱིས་བསྐྱེད་ཅིང་སྲིང་བའང་སྔོ་ལྗང་གི་ལང་ཚོ་རྒྱས་པའི། ཁྲ་ཚོན་གྱི་མེ་ཏོག་བཞད་པའི། འབྲུ་དྲུག་གི་མགོ་ལྕོག་ལྡེམ་པའི་སོ་ནམ་གྱི་མངའ་ཐང་ལགས་ཏེ། བདེ་མོའི་གཡུལ་ཁར་བཙས་མ་རི་བོ་བཞིན་མཐོ་བ་མཐོ་བར་སྤུངས་དུས། ད་གཟོད་ཁྱེད་ཀྱི་ཕུགས་རེ་དེ་དག་ལས་མངོན་ཞིང་ཁྱེད་ཀྱི་སེམས་པ་དེ་དག་ལ་འཐིམས་འདུག་པའང་ངང་གིས་ཚོར་ཡོང་།
ཡིན་ནའང་ཆེས་བདེ་ལེགས་ཀྱི་དུས་སུ་བྱས་པ་ཤེས་ཤིང་དྲིན་གཟོ་མཁན་གྱི་རིགས་ནི་ཤིན་ཏུ་ནས་དཀོན་པས། སྐབས་རེར་ཡི་མུག་གི་འགྲམ་པ་རལ་ཞིང་ནུབ་པའི་སྐབས་ཀྱང་སྲིད་མོད། སྣེ་མོ་ཆུ་མགོ་དང་འབྲེལ་ཞིང་ཀྱག་ཀྱོག་གི་སྟོབས་ཀྱིས་འཐེན་པའི་གཟི་བརྗིད་ཀྱིས། བཀྲེས་སྐོམ་གྱི་མགྲིན་པ་བརྣངས་པའི་ས་གཞི་ལ་ནུ་ཞོ་བསྣུན་པའི་བྱས་པ་དག་ཁྱེད་ཀྱི་ཡོན་ཏན་མིན་ཞེས་སུ་ཡིས་བསྙོན་ཨང་།
༣
ད་ལྟ་ཀུན་གྱིས་འཇེབ་འཁོར་གྱི་བང་རྩལ་དང་འབོལ་ཁྲིའི་བདེ་ཉམས་གླེང་བ་ལས། ལ་ལུང་གྲངས་མེད་ཀྱི་ཁུགས་པ་རེ་རེ་ན་ཁ་ཆར་བུ་ཡུག་གྱི་རྒོལ་བ་མཐའ་དག་ལ་ཅི་མི་སྙམ་པར་ཡུར་ཆུ་དྭངས་མོ་སྟོབས་ཀྱིས་འདྲེན་པའི་ཁྱེད་ཀྱི་ངང་ཚུལ་ཟློ་མཁན་མི་འདུག་ལ། སྔོ་ཚོད་དང་བག་ལེབ། མངར་སྣུམ་གྱི་སྤུས་ཀ་དང་བྲོ་བ་གླེང་ཙམ་ལས་དེའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་མཁན་ཡང་ཤིན་ཏུ་དཀོན།
སྐབས་འདི་དག་ལ། དོན་ངོ་མར་ཁྱེད་ཀྱི་རྣམ་འགྱུར་ཡང་ཤིན་ཏུ་ཉམས་དམའ་བར་འདུག་སྟེ། འགྲམ་ངོགས་རྩྭ་ལྡུམ་གྱིས་སྒྲིབ་ཅིང་ཞབས་མཐིལ་འདམ་མྱགས་ཀྱིས་བཟུང་བས། དྲངས་པའི་ཆུ་ལ་བཞུར་བའི་ཤུགས་མེད་ཅིང་རུལ་དྲིས་ཀྱང་ཡོངས་སུ་བསླད་པས་དེ་ཙམ་གཙང་མར་ཡང་མ་མཐོང་ངོ་།།
ཡིན་ནའང་། སྙིང་ཉེ་བའི་ཆུ་རྐ་རིང་མོ་ཡ། ཁྱེད་ཀྱི་འཕྲིན་ལས་ནི་གང་ན་སྐོམ་པའི་གདུང་བས་གཟིར་བ་དག་ལ་དྭངས་གཙང་གི་ཆུ་རྒྱུན་མཁོ་སྤྲོད་བྱེད་པ་དེ་དང་། རེ་བའི་སྙིང་བོ་ཡང་དཀའ་སྡུག་གི་རྔུལ་ཆུ་ཐོད་ལ་བཅིངས་པའི་སོ་ནམ་པར་འབྲས་བཟང་གི་ཕྱཱ་གཡང་འདྲེན་རྒྱུ་དེ་མ་ཡིན་ནམ། དེ་ལྟར་ན་ང་ཚོས་རང་ཉིད་ཨར་འདམ་གྱི་ཁང་བརྩེགས་ལ་བསྡུར་དོན་མེད་ཅིང་། མྱུར་མགྱོགས་ཀྱི་གནམ་གྲུ་ལ་ཧད་དོན་མེད་པར་མ་ཟད། ཐལ་བ་ཐལ་བར་བཟོ་བའི་འབར་མདེལ་གྱི་རིགས་ལ་དེ་བས་ཀྱང་དོ་བསྡོ་དོན་ག་ལ་ཡོད། ང་ཚོ་ནམ་ནམ་ཞར་ཞར་དུའང་རང་ཉིད་ཀྱི་ཟབ་ཅིང་བརླིང་བའི་རང་གཤིས་དང་དྭངས་ཤིང་གཙང་བའི་གཅེས་ནོར་དང་འགྲོགས་ཏེ། མི་ཡུལ་ལ་འཚོ་བཅུད་གྱ་ནོམ་པ་ཞིག་བསྐྲུན་པས་ཆོག་གོ།
འདི་ནི་ད་གཟོད་ང་ཚོའི་བླ་ན་མེད་པའི་རིན་ཐང་དང་མཛད་རྗེས་སུ་རྩིས་ཆོག་ལ། ཞིང་ས་ཁྲག་ཁྲིག་གི་སྙིང་ལ་འཐེན་པའི་ང་ཚོའི་བཟོ་བཀོད་ཀྱི་མཛེས་སྡུག་ཀྱང་ལགས་སོ།།
༢༠༠༧ ༨ ༡༨ ཉིན།