གསེར་གྱི་ཨ་ལོང་།
གཡས་འཁོར་ཨ་ལོང་སིལ་སིལ།།
གཡོན་འཁོར་ཡང་ལོང་སིལ་སིལ།།
ཕྱི་སྦྲེལ་ནང་སྦྲེལ་བཏང་བའི།།
གསེར་གྱི་ཨ་ལོང་སིལ་སིལ།།
སིལ་སིལ་སྒྲ་དབྱངས་སྙན་མོ།།
དྲི་བཞོན་རླུང་གིས་སྐྱོར་ཡོད།།
རླུང་བུ་ཡ། ལ་ཐང་མེད་པར་གཡུགས་ཤོག
སིལ་སིལ་དབྱངས་ཀྱི་མཆོད་པ།།
འགག་པ་མེད་པའི་སྨོན་ལམ།།
གཡས་འཁོར་དགའ་འཛུམ་ལྷུག་ལྷུག།
གཡོན་འཁོར་དགོད་འཛུམ་ལྷུག་ལྷུག།
སེམས་པ་སེམས་དང་འདྲེས་པའི།།
མཐུན་པའི་འཛུམ་དཀར་ལྷུག་ལྷུག།
འཛུམ་ཆུང་ལས་ཀྱི་རི་མོ།།
ཡིད་ཆེས་སྣང་བས་སྐྱོར་ཡོད།།
སྣང་བ་ཡ། ཕྱི་ནང་མེད་པར་རྐྱོངས་ཤོག།
ལྷུག་ལྷུག་འཛུམ་དཀར་མེ་ཏོག།
ཡལ་བ་མེད་པའི་སྨོན་ལམ།།
༡༠༡༡ ལོའི་ཟླ ༩ པའི་ཚེས ༡༨ ཉིན་རོང་བོ་ནས།