རླུང་ཁ་ན་འདར་གྱིན་འདུག
དམྱལ་བའི་ཚེར་མདུང་སྙིང་ལ་ཟུག་པའི་འོ་དོད་དག
ཁྱོད་ཀྱི་རྣ་རྒྱབ་ནས་ལྷགས་པ་དང་འགྲོགས་ནས་བཞུད་དུས།
ལས་དབང་གི་ལྷན་པ་ནག་པོ་དེ་ཡང་།
བར་སྣང་ན་རླུང་གིས་སྒུལ་གྱིན་འདུག
འཇའ་ཚོན་གོས་སུ་རེ་བའི་རྟ་ཁ་ཧར་གྱིས་བསྒགས་ཏེ།
མགོ་བོ་ཇི་ལྟར་མཐོ་རུ་བསྲིངས་ནའང་།
ཆར་བ་དེས་སྨིན་མའི་རྫུབས་ཀྱང་བརླན་པར་བྱས་པས།
གདམ་འོས་པའི་ཁ་ཕྱོགས་དེ་ཡང་།
སྔར་བཞིན་རླུང་ཁ་ན་འདར་གྱིན་འདུག
༢༠༡༡ ༩ ༡༨ ཉིན་རོང་བོ་ནས།
བརྩེ་དུང་ནི་ཅི་རེད།
དེ་ནི་བཟུང་ན་ལག་པ་འཚིག་ཅིང་བཏང་ན་སིལ་བུར་ཆག་འགྲོ་བའི་རྫ་མ་དེའོ།
བཟུང་ན་སྤར་མོས་ཁེབས་ཤིང་བཏང་ན་ཁང་པ་གང་འགྲོ་བའི་མར་མེ་དེའོ།
བརྡབ་ན་སྙིང་གི་རུས་པ་འབིག་ཅིང་རུམ་ན་ལུས་ཀྱི་ཚ་བ་བསྐྱེད་པའི།
འཐུང་ན་ལྕེ་ལ་མདུད་པ་རྒྱག་ཅིང་མྱིད་ན་རྒྱུ་མའི་ཁ་ཁུགས་གཟེར་བའི།
མེ་ཡི་ཕུར་བུའམ ཆུ་ཡི་ཞགས་པ་དེ་ཡང་བརྩེ་དུང་སྟེ།
ད་རུང སྐྱི་ལྤགས་ཀྱི་སྲ་མཁྲེགས་རལ་བར་བྱེད་པའི།
མིག་ཤེས་ཀྱི་ཚོར་བ་སྦྲིད་པར་བྱེད་པའི།
རུས་རྐང་གི་ཁུ་ཞག་འཕྱོ་བར་བྱེད་པའི དེ་དང་དེ་ཡང་ངོ་།
༢༠༡༡ ༩ ༡༩ ཉིན་རོང་བོ་ནས།