སྐར་མ་སྐར་མ་སྐར་མ་སྐར་མ་སྐར་མ་ཡོད་ན་ཅི་ཡང་ཡོད།
ཀ་ཁའི་དབྱངས་རྟ་མགྲིན་པས་སྐྱོར་བའི་ལོ་ཆུང་གོམ་པ་སྐར་མས་འདེད།།
ཁ་བའི་ལས་དབང་གླུ་རུ་ལེན་པའི་དགེ་རྒན་ངོ་སོ་སྐར་མས་འཚོ།།
ག་ལེར་ཁྱིམ་གྱི་ཕུགས་ན་བཞུགས་པའི་ཕ་མའི་མིག་ཟུང་སྐར་མས་འབྱེད།།
ང་ཁྱོད་བཟང་ངན་ཚད་པའི་ཐིག་ཀྱང་སྐར་མའི་མཐོ་དམའ་གཅིག་པུས་འདེབས།།
ཅ་ཅོའི་གཏམ་གྱི་སྒོ་མོ་བཀག་ནས་ལས་བྱ་འབྲི་བ་སྐར་མའི་ཆེད།།
ཆ་མེད་མིང་བརྡའི་ལ་མོ་བརྒྱབ་ནས་སྐྱོར་སྦྱངས་བརྟེན་པ་སྐར་མའི་ཆེད།།
ཇ་ཆང་འདོད་ཡོན་རྒྱབ་ཏུ་བསྐྱུར་ནས་སྒྲིག་ལམ་བརྩི་བ་སྐར་མའི་ཆེད།།
ཉ་མོ་ཆུ་ལ་འཁྱུག་པའི་ཟོལ་གྱིས་སློབ་ཁྲིད་བྱེད་པའང་སྐར་མའི་ཆེད།།
ཏ་རེན་ངག་ན་ལྷང་ལྷང་མཆེད་པ་སྐར་མའི་གཏམ་གྱི་ང་རོ་སྟེ།།
ཐ་མལ་བཟང་ངན་ཡག་བཙོག་འབྱེད་ལ་སྐར་མ་བདེན་པའི་ཚད་ཤིང་ཡིན།།
ད་ལྟ་དགེ་རྒན་དཔེ་ལེགས་འདེམས་ཀྱང་སྐར་མ་བདེན་པའི་རྒྱ་མ་སྟེ།།
ན་བའི་མི་ལ་གནང་བ་མེད་པའང་སྐར་མའི་གྲངས་ཀྱི་ཟིལ་ཤུགས་ལགས།།
པ་ཕ་ཨ་མ་ནད་ཀྱིས་གཟིར་ཡང་ཞབས་ཏོག་མི་གཙོ་སྐར་མ་གཙོ།།
ཕ་མེས་ཤུལ་བཞག་རིན་ཐང་ཆེ་ཡང་རྒྱུན་འཛིན་མི་གཙོ་སྐར་མ་གཙོ།།
བ་གླང་བཞིན་དུ་དཔྱད་འཇོག་མེད་པར་སྐར་མའི་ལྟོ་ལ་རྔམ་པ་ཡི།།
མ་ཡི་གཅེས་ཕྲུག་དགེ་སློབ་འདི་གོ་ཀྱེ་མ་ནད་ངན་གང་གིས་གཙེས།།
ཙ་རིའི་གནས་སྐོར་རྨ་ཆེན་གངས་སྐོར་གང་ཡང་མི་མཁོ་སྐར་མ་མཁོ།།
ཚ་གྲང་བདེ་སྡུག་སྙིང་ཁམས་འཕྱོ་འཇགས་གར་ཡང་མི་སྐྲག་སྐར་མར་སྐྲག།
ཛ་ཡའི་གསུང་དང་ཕ་མེས་སྲོལ་ལུགས་གང་ལ་འགལ་ཡང་མི་འགྱོད་དེ།།
ཝ་མ་ཝོ་ལ་སྐར་མ་མ་ལོངས་ཁྱིམ་དུ་ལྷུང་ན་དེ་གས་འཇིགས།།
ཞྭ་ལྟར་ཀུན་གྱིས་བཀུར་དགོས་བསམ་ན་སྐར་མ་དེ་ཡི་མ་རྩ་ཡིན།།
ཟ་འཐུང་འགྲོ་འདུག་སྐྱིད་པོ་འདོད་ན་སྐར་མ་ཐོག་མའི་ས་བོན་ཡིན།།
འ་འུར་གཏམ་དང་ཆེན་པོའི་གནས་ལུགས་གང་དང་ཅིས་ཀྱང་མི་ཕན་ཏེ།།
ཡ་ཡོ་མེད་པར་སྐར་མ་སྙེག་ན་བདེ་བའི་ལམ་ཆེན་རྙེད་དོ་སྐད།།
ར་མ་ལུག་གི་ཆ་ལུགས་འཛིན་ཀྱང་སྐར་མ་ཡོད་ན་ཡ་རབས་ཡིན།།
ལ་རྒྱ་འཕོངས་ཕྱིས་རྡོ་བཞིན་གཡུགས་ཀྱང་སྐར་མ་ལོངས་ན་དཔའ་བོ་ཡིན།།
ཤ་རུས་འབྲེལ་བ་གཏིང་ནས་བརྗེད་ཀྱང་སྐར་མ་མཐོ་ན་བུ་རབ་ཡིན།།
ས་འདིའི་སྲིད་པའི་འཁོར་ལོ་ཆེན་པོ་རི་གཟར་རྦབ་རྡོ་སྨྱོན་པ་འདྲ།།
ཧ་ཧ་ཀ་ཁའི་ངག་ལ་དྲངས་པའི་སྐར་མའི་ཆོ་འཕྲུལ་ལྟད་མོ་ལ།།
ཡ་མཚར་སྐྱེས་སམ་ཡི་ག་ལོག་གམ་བདག་གི་བརྩེ་བའི་ཀློག་མཁན་ཀྱེ།།
ཧ་ལམ་སྲོལ་དུ་ཆགས་ནས་ཚར་བའི་གསོག་གསོབ་ཆུ་ཁའི་ལོ་མ་འདི།།
ཨ་རོག་ཕ་ཡུལ་ལུང་བ་མཛེས་པའི་པདྨོའི་ཕྲེང་བར་འགྱུར་རེ་སྐན།།
༢༠༠༩ ༡༠ ༢༥ ཉིན།