དགའ་རོགས་དུས་ཆེན་ལ་ཆུང་མར་ཕུལ་བ།
ཁ་བ་རྐང་གླིང་།
འུ་གཉིས་ནི་ཐོག་མ་ནས་སྨོན་ལམ་ཞིག་གི་སྐྱེས་པ་རེད།
ཡང་ན། ལས་དབང་ཞིག་གིས་འཛོམས་ཆད་འགོད་པ་རེད།
གང་ལྟར་དྭངས་གཙང་གཙང་གི་རྒྱུ་འབྲས་རྟེན་འབྲེལ་དང་འགྲོགས་ནས་སླེབས་པ་རེད།
འུ་གཉིས་ཀྱི་ངུ་སྐད་དང་པོ་འཇིག་རྟེན་དུ་མཉམ་དུ་གྲགས་བཞིན།
ཕྱི་གསལ་ནང་གསལ་གྱི་བྱིས་བློ་དེ་ཡང་དུས་གཅིག་ཏུ་གསལ་བ་འདྲ།
ང་ཡི་སེམས་ཀྱི་ལྷ་མོ།
ང་ཡི་ཡིད་འོང་གི་དགའ་མ།
ང་ཚོ་ནི་མུ་ཏོ་བ་ཞིག་དང་འདྲ་བས།
ངས་ཁྱེད་ལ་ཅི་ཡང་འབུལ་མ་ཐུབ།
སེར་པོ་གསེར་གྱི་རྣ་རྒྱན་ནམ།
ནོར་བུ་གཟི་ཡི་ཕྲེང་བ།
གང་ཡང་ལག་རྟགས་སུ་འབུལ་མ་ཐུབ།
ཡིན་ནའང་། སེམས་པ་ཟླ་བ་དཀར་པོས་བཀྲུས་ཏེ།
ལུས་གོག་ཉི་མ་དྲོན་མོས་གསོས་ནས།
སེམས་ཀྱི་དྲོད་སྣང་ཞིག་འབུལ་ངེས།
ངོམས་མེད་ཀྱི་བརྩེ་བ་འཐུང་ངེས།
དེ་རིང་ཡང་ལྷོག་ལྷོག་གི་ཟུང་ཁྲག་ལས་ཕྱུར་བའི་སྙན་ངག་ཞིག་ཕུལ་ནས།
ཁྱེད་ཀྱི་གཙང་མར་བཞེས་ངེས། གཙང་དག་ངང་བཞེས་དང་།