སྙིང་སྡུག་ན་ཆུང་ལྷ་མོར་འཕུལ་བའི་ཞུ་འཕྲིན་དཔྱིད་ཀྱི་ཕོ་ཉ།།
ཡིད་འོང་ཁྱོད་གདོང་སེམས་ལ་བབས་པ།།
འབྲས་དུས་བཟང་པོའི་ཉ་རྒྱས་ཟླ་ལྟར།།
ཇི་ལྟར་འཐུང་ཀྱང་མི་ངོམ་དགའ་བ།།
ཆང་རྒན་དགུན་ཆང་མངར་མོས་ཉོས་འདྲ།།
བྱམས་དང་བརྩེ་བ་འཁྱིལ་བའི་སེམས་དཔའ།།
སྲང་ལམ་མྱུལ་བའི་མུ་ཏོ་མཐོང་ཚེ།།
ལག་འཇམ་ཨམ་ཕྲག་ནང་དུ་བུད་དེ།།
སྒོར་མོའི་སྦྱིན་པ་གཏོང་བར་བྲེལ་བྱུང་།།
ལྷང་ལྷང་དབུས་སྐད་སེམས་ལ་འགྲོ་བོ།།
ག་ལེར་རྣ་བས་ལོངས་སུ་སྤྱད་ན།།
སེམས་པ་ལྷོད་ལ་བབས་པའི་བདུད་བརྩི་།།
ཡིད་འཕྲོག་དགའ་མ་ང་ཡི་ཚེ་སྲོག
ཡིད་འོང་མཛའ་མོར་དགའ་བའི་བདག་བློ།།
སྐད་གཅིག་སྐད་གཅིག་ཙམ་གྱི་དུས་ལའང་།
མ་འགྱུར་རྡོ་བརྐོས་རི་མོ་བཞིན་དུ།།
སྙིང་ཆུང་རས་གཞིའི་སྟེལ་ན་གསལ་ལོ།།