གཟུགས་རྒྱན་ལ་སྦྱར་བའི་དཔེར་བརྗོད་ལྷ་ཡི་རོལ་མོ་
ཞེས་བྱ་བ་བཞུགས་སོ།།
ཁ་བ་རྐང་གླིང་།
ཁ་བའི་དར་དཀར་ཀླུབས་པའི་ས་འཛིན་བུ་མོར།།
སེར་འོད་འཕྲོ་བའི་གསེར་ཞུན་མགུལ་ལ་མནབས།།
རྣ་བའི་རྒྱན་གྱི་གཡུ་བྱུར་ལེགས་པར་བསྒྲོན།།
དགུན་གྱི་མཛེས་པ་ལྷ་ཡི་སྐྱེད་ཚལ་ལགས།།
ཁ་བ་དར་གོས་རྒྱན་པའི་ནོར་འཛིན་དགའ་མས།།
ཉི་འོད་གསེར་བྱེ་འཐུང་བཞིན་འོད་སྣང་ཁྱབས་ནས།།
འདྲེན་བྱེད་ཟུང་གི་མཛེས་པའི་མཐའ་ལ་མེ་ཏོག་དགོད།།
དུས་འདི་ཡིད་དབང་འཕྲོག་པའི་སུམ་རྩེན་ལྷ་ཡུལ།།
དགུན་གྱི་ཉི་འོད་དྲོན་མོ་མལ་ཐུལ་ལགས།།
ཉི་འོད་གངས་ལ་འཕྲོས་པ་ཆུ་འཛིན་མ།།
ཕྱི་ལ་ལྟས་པས་བདེ་སྐྱིད་མེ་ཏོག་བཞད།།
དགུན་གྱི་དུས་འདི་བདེ་སྐྱིད་སུམ་རྩེན་གྲོང་ཁྱེར།།
ལེགས་བཤད་གཏེར་བརྒྱ་འཛིན་པའི་བུམ་བཟང་།།
སེམས་ཀྱི་མྱོང་བའི་བདུད་རྩིའི་འབྱུང་གནས།།
མྱོང་བཞིན་མྱོང་བཞིན་བདེ་སྐྱིད་འཕེལ་མཛད།།
ཡིད་འཕྲོག་དཔེ་ཆས་རང་སེམས་བསླུས་སོང་།།
རྒྱང་རིང་ཡུལ་ལྗོངས་མངོན་གསུམ་གསལ་བ་འཕྲུལ་གྱི་མེ་ལོང་།།
སྔར་སོང་ལོ་རྒྱུས་ཉམས་ཀྱིས་འཁྲབ་པས་ལྷ་ཡི་གར་མཁན།།
སྣ་ཚོགས་རྩེད་མཚར་སྐྱིད་པ་ས་གཞི་རྟོལ་བའི་ལྗོན་པ།།
བརྙན་འཕྲིན་འཕྲུལ་གྱི་འཁོར་ལོས་རང་སེམས་བདེ་བར་བཀོད་དོ།།
བརྙན་འཕྲིན་སྒྱུ་འཕྲུལ་མེ་ལོང་ངོས།།
ཡིད་གཅུགས་ཕོ་མོའི་བརྩེ་དུངས་གསལ།།
མེས་རྒྱལ་ཕྱི་ནང་གསར་འགྱུར་མངོན།།
འཛད་མེད་ལྟད་མོའི་གཏེར་འདི་མཚར།།
ཐུང་ཐུང་དུས་ཚོད་རྩེད་མོས་མཚར།།
སྣ་མང་རྩེད་ཆས་འདོད་དགུ་གང་།།
གཡོ་མེད་དྭངས་བློ་ཆུ་ཤེལ་ཅན།།
ཆུང་ཆུང་བྱིས་པའི་བགྲོས་འདི་མགྱོགས།།