དྲན་སེམས།
གྲོགས་པོ་སླར་ཡང་དྲན།
ཁ་བ་རྐང་གླིང་།
རླུང་བུ་སིལ་སིལ་དུ་ལྡང་བའི་མཚན་མོ
སྒེའུ་ཁུང་རྒྱུད་དེ་གསལ་ལེར་མངོན་པའི་ཟླ་འོད་འོག
སེམས་པ་འདི
སེམས་པ་འདི་མནོ་བསམ་གྱི་རྒྱ་རུ་ཚུད་དེ
གཞུང་ལས་ཁང་དུ་འཚོ་བའི་བདེ་སྡུག་དག་འཆར་ཡོངས
ངས་བདེ་མོ་ཞེས་པའི་ཚིག་འབྲུ་གཉིས་པོ་འདི་ཡང་མ་བཤད་གོང
ཁྱེད་ལ་བཀྲ་མ་ཤིས་པའི་སྐད་ཆས་མདུན་བསུ་བྱས་པར
ང་ཧ་ཅང་འགྱོད
གྲོགས་པ་ལགས
ཁྱེད་ཀྱི་རྗེས་ནས་ལུས་པའི་བུ་ཕྲུག་གི་ཆེད་དུ
སྡུག་ངལ་གྱི་བཞུར་བའི་མིག་ཆུ་ཡེ་ནས་འདོན་མི་དགོས་ཏེ
ང་གཉིས་ཀྱི་མགྲོན་ཁང་གཅིག་ནས་འདུག་སྐབས་དང་འདྲ
དེ་རིང་གི་ལུས་པོ་འདི་སང་ཉིན་གྱི་བེམ་པོ་བཞིན
འབྲལ་ནས་རང་ཉིད་ཀྱི་ལམ་ལ་ཆས་དགོས
གྲོགས་པོ་ལགས
དུས་ཚོད་ཅིག་གིས་སྔ་ནུར་ལས
ང་ཚའང་ཁྱེད་ཀྱི་བཞུར་ལམ་དེད་ནས་ཡོངས་དགོས
རལ་གྲིས་ལུས་པོ་འདི་བཤགས་ཀྱང་རུང
གྲང་ངར་གྱི་ལུས་པོ་གས་ཀྱང་ཆོག
མེ་ཕུང་གྱི་ཞུ་ཡང་སྲིད
གང་ལྟར་ཁྱེད་ཀྱི་རྗེས་སྙེག་ནས་ཡོངས་དགོས
གྲོགས་པོ་ལགས
ལྷབ་ལྷུབ་དུ་འབར་བའི་མཆོད་མེ་བརྒྱ་མཆོད་ཅིག་ཕུལ་ནས
ལུས་ཀྱི་པུས་གཉིས་པོ་ས་རུ་འཛུགས་བཞིན
རྣམ་དག་གི་སྨོན་ལམ་ཞིག་རྒྱབ་སྟེ
བདེ་བ་ཅན་གྱི་དག་ཞིང་དེར་ཕེབས་པར་སྨོན།