ཟླ་འོད་འོག་གི་རྨི་ལམ།
ལམ་ལོམ་དུ་རྒྱུ་བའི་སྤྲིན་དཀར་གྱི་བར་ན
ཟླ་འོད་ཀྱི་མིག་ཆུ་ལྟ་བུའི་སྐར་མ་དག
འཚུབ་ཙམ་འཚུབ་ཙམ་བྱེད
ཟོར་བ་དང་འདྲ་བའི་གསུམ་བཞི་ཚེས་རིས་ཀྱི་ཟླ་འོད
སྤྲིན་པ་དག་གི་སྲིང་ནས
ཕོ་རྒོད་ཚོ་ལྟར་ཤུགས་ཀྱི་གསལ་བཞིན
སྐབས་སྐབས་སུ་རྔུལ་ཆུ་ལྟ་བུའི་འོད་སྣང་རེ་སྟེར
བདག་གིས་རྔུལ་ཆུ་ལྟ་བུའི་འོད་སྣང་གོས་སུ་གྱོན་ནས
འཚུབ་ཙམ་འཚུབ་ཙམ་བྱེད་པའི་སྐར་མའི་མཚམས་སུ
སེམས་པ་འདི་དབང་མེད་དུ་རྒྱུག་སོང
ཕྱུགས་ལམ་ཞིག་དང་འདྲ་བའི་ལམ་ཁ
ལམ་ཁ་དེའི་མཐའ་སྣེ་དེད་ཚེ
བདག་གི་སེམས་པ་འདིའི་གནས་བཅའ་སར་སླེབས་སྲིད
དེ་ནི་ཁུ་སིམ་ཀྱི དེ་ནི་དྭངས་གཅང་གི་ཕ་ཡུལ་ལོ
དེ་ན་འགྲིམ་འགྲུལ་གློག་བརྡ་མེད་ལ
དེ་ན་འ་འུར་གྱི་རྒྱ་གཞས་ཁང་ཡང་མེད
གནས་དེ་ན
ནས་ཆང་གི་མངར་དྲི་ཁ་བཞིན
དབུལ་པོ་ཚོ་གཅིག་ཕན་གཅིག་གིས་བསྒྲུབ་བཞིན་ཡོད
དེ་ནི་བདག་གི་རྨི་ལམ་ལས་བསྐྲུན་པའི་ཞིང་ཁམས་དེའོ།