ཨ་མ་སྐུ་ལས་ཁག་སོང་།
སེང་ཕྲུག་སྐྱབས།།
སྔ་དུམ།།
ཟས་ལ་ཞག་ཚི་མཐོང་བ་དང་།།
ཆུང་མ་སྐྱུག་པ་རྒྱག་གི་ཟེར།།
དེ་ནི་ནད་ཅིག་མིན་ནམ་བསམ།།
ག་ལེར་བསམ་དུས་མིན་པ་འདྲ།།
གཅེ་མོས་རོགས་ལ་བརྟེན་ནས་ནི།།
སྨན་ཁང་སྡོམ་སར་ཕྱིན་པ་རེད།།
ཨ་ཁུ་སྨན་པས་ཟེར་འགྲོས་ལ།།
སྦྲུམ་མ་འཁོར་འདུག་ཟེར་བྱུང་ཟེར།།
བདག་རང་འུར་ལ་དགའ་བ་ཡི།།
བྱམས་པའི་ཚེ་རོགས་ཡིན་ཞེས་ལབ།།
དགོས་པའི་དུས་སུ་རྒྱང་ན་ལུས།།
བདག་གི་སེམས་འདི་གྲང་བས་བཙེས།།
བྱམས་པ་བསམ་ཤེས་ཅན་གྱི་ནི།།
ཚུར་ལ་བདག་ལ་ཁ་བརྡ་བྱེད།།
དེ་འདྲའི་འཇིག་རྟེན་བརྩེད་རོགས་མ།།
གཞན་ལ་ཡོད་ཀྱང་ཟླ་བ་ཙམ།།
ཉིན་དང་ཞག་པ་ཕྱིན་སོང་ངོ་།།
དགེ་རྒན་ལས་ཀ་བྲེལ་སོང་ངོ་།།
གྲོད་པ་ཇེ་ཆེ་ཇེ་ཆེར་འགྲོ །
བདག་ལ་ཟུག་གཟེར་སྙིང་ནས་རྒྱག །
ཕྲུ་གུ་བཙའ་བའི་དུས་ལ་སླེབས།།
ཨ་མ་དང་བཅས་བསུ་མར་ཕེབས།།
གཅིག་པོར་མི་ཡི་ཡུལ་དུ་ལུས།།
སྐྱོ་བས་མི་ཆུ་ལྷུག་ལྷུག་བྱེད།།
བར་དུམ།།
མངལ་ལས་མ་བཙས་ཁོག་ནང་དུ།།
རྐང་པས་ཕར་རྡུང་ཚུར་རྡུང་བྱེད།།
བདག་ནི་དགའ་བས་རྣ་ཡི་ཉན།།
ཆུང་མ་སྐྱིད་པར་གྲོད་ཕུར་བྱེད།།
སྨན་ཞབས་བུ་མོས་རྟགས་པ་ལ།།
སང་ཉིན་གནང་ཉིན་ཡོད་དོ་ཟེར།།
བདག་དང་ཨ་མ་བཀྲ་བཟང་སོགས།།
སྐབས་རེ་དགའ་བཞིན་སྐབས་རེ་སྐྲག།
ཉིན་གསུམ་རྟེན་འབྲེལ་འགྲིག་སོང་ངོ་།།
དུས་དང་ཞག་མ་སྒུག་པ་ཡི།།
སྙིང་གི་ཚི་ལུ་འཁྲུངས་སོང་ངོ་།།
ནམ་མཁའ་འཇའ་ཡི་ཁེངས་སོང་ངོ།།
ཙེར་ཙེར་ལག་གི་ཕྱི་ནང་གཅིག །
ལག་ཏུ་བླངས་ན་དངངས་པར་བྱེད།།
རྒྱང་ནས་ལྟས་ན་སྙིང་རེ་རྗེ།།
དེ་ནི་བདག་གི་སྙིང་ནོར་རོ།།
བྱམས་པས་པང་ཉར་བཞིན་ཡོད།།
བརྩེ་བས་བྱམས་པ་སྐྱོང་བཞིན་ཡོད།།
བྱམས་བརྩེས་བས་སྐྱོང་བའི་དུས།།
ཁ་པར་ཏིར་སྒྲ་གྲག་སོང་ངོ་།།
ད་ལྟ་ལས་ཐོག་འཇུག་དགོས་ཟེར།།
བྱམས་པའི་གཟུགས་པོ་མ་གསོས་སོ།།
བུ་ཆུང་པང་དུ་ཉར་མ་ཉིད།།
སེམས་པའི་འཚུབ་ཆ་སུ་ཡི་ཤེས།།
ཕྱི་དུམ།།
སྙིང་ནོར་ཉིན་ངུ་མཚན་ངུ་རེད།།
ཨ་མ་བཀྲ་བཟང་འོབ་རྒྱལ་ངལ་ཆེ །།
བྱམས་པ་འུ་ཐུག་བདག་ལ་རྩོད།།
བདག་ནི་བསམ་མེད་ཕར་ལ་རྩོད།།
དགུན་གྱི་གྲང་བས་མལ་ན་སྐྱིད།།
བྱམས་པ་བྱམས་པའི་ཨ་མ་བཅས།།
ལྭ་བ་བུ་ལུབ་གྱོན་ནས་ནི།།
བུ་ཆུང་པང་ནས་རྩེད་དགོས་སོ།།
བྱམས་པའི་ངལ་སོ་རྫོགས་སོང་ཟེར།།
ལས་ཐོག་མྱུར་དུ་འཇུག་དགོས་ཟེར།།
ཨ་ཁ་ཨ་ཚ་མ་མཁྱེན་ནོ།།
བུ་ཆུང་རྨོ་བོར་ལུས་སོང་ངོ་།།
རྨོ་བོས་བྱམས་ཀྱི་སྐྱངས་བའི་བུ།།
ད་ལྟ་བྱམས་རང་གྲག་སྐད་འདུག །
ཕ་ཡི་བུ་བཟང་གཅེས་ནོར་ཁྱོད།།
ཁ་ལ་ཉན་ཞིག་ང་ཡི་ཞུ།།
ཨ་མ་སྐུ་ལས་ངག་སོང་ངོ་།།
སེམས་དང་སེམས་ཀྱི་བར་མཚམས་ནས།།
སྐྱོ་བ་དང་ནི་འགྱོད་པ་ཡི།།
ལན་རེ་མནར་ཅིང་སྐབས་རེ་ཧད།།