གཉིད་ལས་དཀྲོགས་པ།
དགེ་ཆོས་དྲན་པ།
ཁ་བ་རྐང་གླིང་།
འགའ་རེས་ཟེར་ན་ཁྱེད་རང་ཁྱི་རྒན་སྐྱ་བོ་དེ་རེད་ཟེར།
ཁ་ཤས་ཀྱི་ཟེར་ན་ཁྱེད་རང་གསར་གཏོད་པ་ཞིག་ཀྱང་རེད་ཟེར།
ཁྱེད་རང་ཁྱི་རྒན་སྐྱ་བོ་དེ་ཡིན་པའི་དབང་དུ་གཏང་ན།
ད་ལྟ། མི་གླེང་མི་ཚར་བ་དེ་ཁྱེད་ཡིན་དོན་ཅི།
ད་ལྟ། དང་རྟེན་བྱེད་ས་དེ་ཡང་ཁྱེད་རང་ཡིན་དོན་ཅི་ཞིག་གིས་ཡིན་ནམ།
ཁུ་སིམ་མེར་གཉིད་དུ་ཡུར་བ་ནི་བདེ་བ་འཚོལ་དང་ཞིག་རེད།
ཁྱིམ་མཚེས་དང་ཁྱིམས་མཚེས་མ་ཡིན་པའི་དུད་ཁྱིམ་ཚང་མ།
ད་ལྟ། ཁྱི་སྐད་ཞིག་གིས་གཉིད་ལས་སླངས་སོང་།
འགའ་རེས་དམོད་མོ་འདོན་ལ།
ལས་ཤས་ཀྱི་སྔ་བལྟས་མིན་ནམ་ཟེར།
ངས་སྐུད་པ་གཤོང་བའི་ཨི་ཁུང་ཞིག་ནས་བལྟ་སྐབས།
ཁྱི་རྒན་དེས་མཇུག་མ་རིལ་རིལ་གྱིས་གློག་འོད་ཅིག་འཁྱེར་ཞིང་ཡོང་བ་མཐོང་བྱུང་།
ཕ་ཡུལ་གྱི་མི་རྒན་ཚོ་སྐྲག་སྟེ་བལྟས་ངན་རེད་ཅེས་ཟེར།
ད་དུང་། རལ་གྲི་དང་བོན་མདའ། འུར་རྡོ་ཕེན་པར་ཆས་ཞིང་འདུག
ཨེ་མ། འདས་སོང་གི་ཁྱེད་ཚོ་ཡང་འདི་ལྟར་བྲབས་པར་ཁག་ཅི།
ཁོ་ཚོ་ཡང་མ་འོངས་པར་མནོ་བསམ་གཏང་དགོས་པ་མ་ཡིན་ནམ།
ཇོ་མོ་གླང་མའི་དབུ་རྩེ་ནས་ཕྱོགས་བཞིར་རྒྱང་མིག་རེ་བལྟས་ཏེ།
ཟླ་བ་དང་ལོ་ཡི་བར་ནས།
ཁོ་ཚོས་ཅི་ཞིག་རྟོགས་པ་ཡིན་ནམ།
ངས་ཅི་ཡང་ཤེས་མ་བྱུང་།
ང་ལ་མ་འདྲི་རོགས།
འོན་ཀྱང་།
ད་ལྟ་ཁོ་ཚོ་མངོན་ལྐོག་གཉིས་ནས་ཁྱི་རྒན་དེར་སྐྱབས་འཇུག་བྱེད་པར་བྲེལ་བཞིན་མཆིས།