གཉན་ཆེན་ཐང་ལྷ།
སྲིད་པ་ཆགས་པའི་ལྷ་ཆེན།།
སྤུར་རྒྱལ་བཙན་པོའི་མགུར་ལྷ།།
ཁ་བ་ཅན་གྱི་ཡུལ་ལྷ།།
འདམ་ཤོད་དཀར་མོའི་གཞི་བཞག།
_____ཁ་བྱང་དང་འབྲེལ།
༡
ཨ་སྔོན་དབྱིངས་བརྗིད་ཀྱིས་འགྱིང་བའི་གཉན་ཆེན་ཐང་ལྷ
ལྷག་བསམ་གྱི་དར་དཀར་མནབས་པའི་གཉན་ཆེན་ཐང་ལྷ
ཡབ་མེས་ཀྱི་རྣམ་ཤེས་གསོན་པོ་གཉན་ཆེན་ཐང་ལྷ
རླུང་དམར་ཁྲོད་ཨམ་གཙིགས་བསྡམས་པའི་གཉན་ཆེན་ཐང་ལྷ
ཐོག་སེར་འོག་ངུ་འབོད་བྱེད་པའི་གཉན་ཆེན་ཐང་ལྷ
བཙན་དར་གྱིས་གཉའ་ནས་མནན་པའི་གཉན་ཆེན་ཐང་ལྷ
པར་ཆས་ཀྱི་ཁོག་ན་འཛུལ་བའི་གཉན་ཆེན་ཐང་ལྷ
ན་ཟུག་གི་ཀི་རིང་མོད་པའི་གཉན་ཆེན་ཐང་ལྷ
མགོན་མེད་ཀྱི་ཐང་ལྷ
ཡ་ང་བའི་ཐང་ལྷ
སྙིང་རྗེ་བའི་ཐང་ལྷ
བདེན་དོན་ཁུར་བའི་ འདྲ་མཉམ་གླེང་བའི
རེ་བའི་བདག་པོ་གཉན་ཆེན་ཐང་ལྷ
༢
གཉན་ཆེན་ཐང་ལྷ
ལྷ་སྒྲུང་གི་བང་མཛོད་ཡིན་པའི
གཉན་པོ་ཡི་གསང་བ་འདྲ་བའི
གླེགས་བམ་གྱི་ཟབ་སར་ཉལ་བདོག
༣
གཉན་ཆེན་ཐང་ལྷ
ཕྱི་གླིང་གི་མིག་ལ་མཛེས་པའི
ནང་ཁོག་གི་གློ་མཆིན་གཙང་བའི
ཧམ་ཤེད་ཀྱིས་བསྔོག་ལ་ཉེ་ཡོད
༤
གཉན་ཆེན་ཐང་ལྷ
ཁྱོད་འདི་ལྟར་སྒེར་ཚུགས་ཀྱིས་དགུང་དུ་འགྲེང་དུས
ངས་སུ་ཞིག་དྲན་ཞོར
ཅི་ཞིག་གླེང་བར་འདོད
༥
གཉན་ཆེན་ཐང་ལྷ
ཁྱོད་ལྷ་སྲས་དར་མའི་དུར་བྱང་དེ་ཡིན་ཆོག་ན
འགྲམ་དུ་འཁྱིལ་བའི་གནམ་མཚོ་ཕྱུག་མོ་དེ་
ལྷ་སྲས་དར་མའི་སྙིང་ཁུང་ནས་འཕྱུར་བའི་མཆི་མ་ཅིས་ལ་མིན
༢༠༡༣.༠༦.༢༨ཉིན་བྲིས།
༢༠༡༣.༠༧.༠༤ཉིན་བཅོས།
- ཟིན་ཐོ་གོང་མ།ཆེས་ཁོམ་པའི་མི་དེ་ཚོ།༼ཞར་བཀོད་གཅིག༽
- ཟིན་ཐོ་འོག་མ།སང་ཉིན་ངས་དེ་རིང་རྙེད་སྲིད་དམ།༼ཞར་བཀོད་གཅིག༽