࿐འབྲོག་ཁ་མང་།
༡
ལྡུམ་རྭ་མཛེས་ཀྱིས་ཕྱུག་ཡོད༎
མེ་ཏོག་ཕྱོགས་བཞིར་ཁྱབ་ཡོད༎
ཡིད་འོང་པདྨ་ཆུན་པོ༎
སེམས་པའི་ཟབ་སར་འཁྲུངས་ཡོད༎
༢
རི་ཚོགས་བརྗིད་ཀྱིས་འགྱིང་ཡོད༎
རྩེ་མོ་དགུང་དུ་ཟུག་ཡོད༎
བླ་རི་གཉན་ཆེན་ཐང་ལྷ༎
གློ་བའི་ཉེ་སར་འགྲེང་ཡོད།།
༣
རོགས་ལོའི་མཐའ་ནས་བསྐོར་ཡོད༎
ཕྱི་ཐག་ཆུ་རྒྱུན་འགྲོགས་ཡོད༎
གོ་རྟོགས་མངའ་བའི་གྲོགས་དེ༎
རླུང་རྟ་སྤུར་སའི་ཡུལ་ཡིན༎
༤
གསར་རྙིང་འགལ་འདུ་མང་ཡོད༎
སོ་སོའི་དགེ་མཚན་མནབས་ཡོད༎
དེ་ལ་ཆོག་ཤེས་མཆིས་ན༎
མིག་ཟུང་བསྲིངས་སའི་ཡུལ་ཡིན༎
༥
དུས་དྲུག་འགྲོ་འདུག་ཉལ་རོགས༎
འདྲ་མིན་གླེགས་བམ་མཐུག་པོ༎
ནམ་རྒྱུན་སེམས་པའི་འཚོ་བཅུད༎
གངས་དཀར་ལྷ་མོའི་སེམས་གསོ༎
༢༠༡༣-༠༩.༡༤
༡
ཤ་ཚིལ་བཅུད་ལྡན་ལ་ཡི་ག་དབེན་ཅིང།།
མ་ལྷད་དཀར་ཆུ་ལ་ཞེན་ཁ་ལོག་པའི།།
བཅོས་མ་མངར་བསྐྱུར་གྱི་ཟས་རིགས་བདག་པོ།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
༢
འགུལ་རིས་གློག་བརྙན་གྱི་དབྱིངས་སུ་ཚུད་ཅིང།།
གཞན་སྐད་ཐར་འཐོར་ཅིག་པང་དུ་བླངས་པའི།།
ཕ་ས་གངས་ལྗོངས་ཀྱི་རེ་བའི་བདག་པོ།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
༣
འདྲ་མིན་བྱ་སྤྱོད་ཀྱི་རྒྱགས་ཕྱེ་བསྩལ་ཅིང་།།
རྒན་བཀུར་གཞོན་གཅེས་ཀྱི་གུས་ལུགས་དོར་བའི།།
ནར་སོན་སེམས་ཁྲལ་གྱི་ཞེ་ཁོག་དཀྲུག་མཁན།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
༤
སྒོར་ཟུར་ལྔ་ཅན་གྱི་ཟས་རིགས་བྱིན་ཅིང་།།
ཅི་བཟའ་ཅི་བྱེད་ཀུན་ཕྲུག་གུར་བསྟུན་པའི།།
ཤ་ཚ་བཅོས་མའི་འོག་མཉོམ་ལག་རྒྱས་པའི།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
༥
སྐུ་ལུས་བདེ་ཐང་གི་རྒྱུན་ཤེས་མེད་ཅིང་།།
ཕྱི་ཚུལ་རིང་ལུགས་ལ་དག་དོད་ཆེ་བའི།།
ཁ་བཤད་སྟོང་ལྡན་གྱི་ཕོ་གསར་མོ་གསར།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
༦
སྲོལ་བཟང་རིང་མོ་ཡི་ཐག་སྣེ་ཆད་ཅིང་།།
དེང་རབས་རིག་གནས་ཀྱི་མཛུབ་སྟོན་དབེན་པའི།།
གཅེས་ལང་སྐྱག་ལང་གིས་ཉིན་ཞག་བརྩིགས་པའི།།
ཨ་མའི་ལོ་ལོ་དང་ཨ་ཕའི་གཅེས་ཕྲུག།།
- ཟིན་ཐོ་གོང་མ།ཁ་གཡང་གསོན་པོ་ཞིག
- ཟིན་ཐོ་འོག་མ།༈ གངས་རིའི་དོ་ཤལ།