རུས་མིང། རྐྱང་ཚེ་བློ་བཟང་དཔལ་འབྱོར།
ཕ་ཡུལ། བྱང་འདམ་གཞུང་རྫོང།
དེ་རིང་གཉིད་ནས་བཞུར་བའི་ཁ་ཆུ་དེ
སང་ཉིན་གྱི་མིག་ཆུ་ཡིན།
༈ ཚོད་ཚོད་ལ་བླངས་པའི་གླུ
འབྲོག་ཁ་མང་།
༡
ཉི་ཟེར་འཕྲོ་ལུགས་འདི།།
སུ་ཡི་བྱིན་རླབས་དང་།།
ཉི་གུར་ཕུབ་ལུགས་དེ།།
གང་གི་རྟེན་འབྲེལ་ཡིན།།
༢
ཟླ་འོད་བསིལ་ལུགས་འདི།།
སུ་ཡི་བྱམས་བརྩེ་དང་།།
སྐར་ཚོགས་མཐའ་སྐོར་དེ།།
གང་གི་གཟི་བརྗིད་ཡིན།།
༣
གངས་དཀར་འགྱིང་ལུགས་འདི།།
སུ་ཡི་སྐུ་ཚེ་དང་།།
གངས་ལྷ་མེ་ཏོག་དེ།།
གང་གི་མཆོད་པ་ཡིན།།
༤
མཚོ་ཆེན་དྭངས་ལུགས་འདི།།
སུ་ཡི་གཉུག་གཤིས་དང་།།
ཉ་ཆུང་གསེར་མིག་དེ།།
གང་གི་རྒྱན་ཆ་ཡིན།།
༥
རྩ་ཐང་ཡངས་ལུགས་འདི།།
སུ་ཡི་ཁོག་རྒྱ་དང་།།
དཀར་ནག་ཕྱུགས་རིགས་དེ།།
སུ་ཡི་ཁེན་ས་ཡིན།།
༦
དཔྱིད་ཀྱི་ཕོ་ཉ་འདི།།
སུ་ཡི་གསུང་སྐད་དང་།།
དཔྱིད་རླུང་བསིལ་བསིལ་དེ།།
གང་གི་རེ་ལྟོས་ཡིན།།
༧
དབྱར་གྱི་ཆར་ཆུ་འདི།།
སུ་ཡི་མིག་ཆུ་དང་།།
ཐོག་སེར་རྒོད་པོ་དེ།།
གང་གི་ལན་ཆགས་ཡིན།།
༨
དགུན་གྱི་བུ་ཡུག་འདི།།
སུ་ཡི་ལས་དབང་དང་།།
ཙག་རླུང་ངར་མ་དེ།།
སུ་ཡི་རྒྱུན་བཟས་ཡིན།།
༩
སྟོན་གྱི་ན་བུན་འདི།།
སུ་ཡི་ཕྱི་ཐག་དང་།།
ཉི་ཐིགས་ངར་མ་དེ།།
གང་ལ་གཏད་པ་ཡིན།།
༢༠༡༣/༡༠/༢༠
༈ སྟོན་ལོ་ས་ལ་ལྷུང་ཚུལ།
༡
སྟོན་རླུང་ལྡང་ཙམ་ཞིག་གིས།།
སྡོང་ལོ་འདར་འདར་སིག་སིག།།
ལོ་མ་ས་ལ་ཟགས་འདུག།
རང་དབང་ཐོབ་པ་མིན་འགྲོ།
༢
སྐྱ་རེངས་ཐོན་པ་ཙམ་གྱིས།།
སུ་ཞིག་ལས་ལ་བྲེལ་བྲེལ།།
ལོ་མ་རིམ་གྱིས་བྱབ་ཐལ།།
གཟེབ་དུ་བཙུད་འདོད་མིན་འགྲོ།
༣
སྟོན་རླུང་སྔར་བཞིན་ལྡང་བས།།
ལོ་མ་དེ་བཞིན་མང་བ།།
གཟེབ་ལ་ཆུད་ཚོད་ཨི་གདའ།།
འཛུད་མི་ཁོམ་ཚོད་ཨི་རེད།།
༤
སྟོན་རླུང་མ་འཇགས་བར་ན།།
ཁ་བ་མ་དབབ་གོང་རོལ།།
སྡུག་གི་ལོ་མ་སེར་མོ།།
གནས་སོས་བདེ་ས་ཨི་འགི།
༥
ཉམ་ཆུང་ལོ་མ་སེར་པོ།།
ཁོང་གིས་བརྫིས་ནས་ཆས་སྐད།།
ཁྱོད་ཀྱིས་མཆོངས་ནས་བུད་ཐལ།།
ངས་ནི་པར་ཅིག་བརྒྱབ་བཞག།
༢༠༡༣/༡༡/༠༡
- ཟིན་ཐོ་གོང་མ།པར་ལ་སེམས་པ་བརླན་ཚུལ།
- ཟིན་ཐོ་འོག་མ།རྡོ་ཕུང་ཉིལ་བ།༼ཞར་བཀོད་གཅིག༽
